ཀརྨ་པས་མ་ཧཱ་ཡ་ན་དང་ཐེ་ར་ཝ་དྷ་གཉིས་མཉམ་འབྲེལ་གྱི་གཞི་འདིངས་དགོས་ཞེས་གསུངས་འདུག

འབྲས་ལྗོངས་སུ་འཁྲུངས་པའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག
དེ་ཡང་ས་ག་ཟླ་བའི་དུས་ཆེན་ཉིན་མོར་རྒྱ་གར་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་དང་ཤྲི་ལང་ཁའི་ཆེས་མཐོའི་གཞུང་ཚབ་དོན་གཅོད་སློབ་སྟོན་པ་སོགས་ཀྱིས་གལ་གནད་ཆེ་བའི་གསུངས་བཤད་གནང་འདུག
དེ་ཡང་ཀརྨ་པས། སྤྱིར་བཏང་ནང་པའི་ལྟ་གྲུབ་ཀྱིས་དེང་སང་གི་རྩོད་རྙོགས་ཆེ་བའི་འཇིག་རྟེན་འདི་ཞི་འཇམ་ཡོང་བར་ཕན་ཐོགས་ཚད་མེད་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན་མཁས་པ་ཚོས་ཞིབ་འཇུག་གི་ལམ་ནས་ཐེག་པ་ཐུན་མོང་བ་དང་ཐེག་པ་ཐུན་མོང་མ་ཡིན་པའམ་ཐེ་ར་ཝ་དྷ་དང་མ་ཧཱ་ཡ་ན་ཞེས་འབོད་བཞིན་པའི་ཆོས་རྒྱུད་ཆེན་པོ་གཉིས་ཀྱི་ལྟ་གྲུབ་ལ་ཞིབ་འཇུག་གི་ལམ་ནས་གཞི་གཅིག་ལ་དྲིལ་ཚུལ་ངོ་སྤྲོད་བྱེད་དགོས་ཀྱིན་འདུག དེ་ཡང་ཐུན་མོང་གིི་གཞི་གཅིག་དུ་འབབ་པའི་ཚུལ་དེ་ངོ་སྤྲོད་བྱ་ཐུབ་ན་མི་མང་པོའི་དོག་པ་སེལ་བར་ཕན་ཐོགས་ཆེན་པོ་ཡོད་ཚུལ་སོགས་གསུང་བཤད་རྒྱས་པར་གནང་འདུག
ཤྲི་ལང་ཁའི་སློབ་སྟོན་བློན་ཆེན་མཆོག་གིས། དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་དགྲ་བཅོམ་པ་མ་ཧེན་དྷས་ཤྲི་ལང་ཁའི་གླིང་ཕྲན་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་ཚུལ་དང་། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཆོས་ནི་ཤྲི་ལང་ཁའི་མི་མང་ལ་ལམ་སྣ་སྟོན་པའི་འོད་སྣང་ཉག་གཅིག་ཏུ་གྱུར་ཡོད། དེ་ཡང་ཤྲི་ལང་ཁའི་ལོ་རྒྱུས་དང་། རྩོམ་རིག གོམས་སྲོལ། སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་སོགས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་ཡོད། སངས་རྒྱས་ཀྱི་ཆོས་འདིས་ཤྲི་ལང་ཁའི་མི་མང་ལ་ཡ་རབ་དང་། བཟང་སྤྱོད། བཟོད་སྒོམ། མཐུན་སྒྲིལ་བཅས་ཀྱི་གོམ་པ་མདུན་སྤོས་བྱེད་སྟངས་བསླབས་ཡོད་ཚུལ་སོགས་གསུངས་བཤད་གནང་འདུག
ད་དུང་ཁོང་གིས། ཉེ་བའི་ཆར་སེར་སྐྱའི་གྲོང་དུ་ནང་པ་སངས་རྒྱས་པའི་རྟེན་རྫས་མང་པོ་སྔོགས་འདོན་རྙེད་སོན་བྱུང་བ་ཚང་མར་གུས་ཕྱག་བྱེད་པའི་གོ་སྐབས་བྱུང་སོང་། དེ་ནི་ང་རང་ཉིད་ཀྱང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སྐལ་བ་བཟང་པོར་ཚོར་བྱུང་། རྟེན་རྫས་དེ་དག་ཤྲི་ལང་ཁའི་སྲིད་འཛིན་མཆོག་གིས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་༢༠༡༢ལོའི་ས་ག་ཟླ་བའི་བར་དུ་ཤྲི་ལང་ཁའི་ཡུལ་དུ་ཉར་ཆོག་པའི་གནང་བ་ཐོབ་ཚུལ་སོགས་གསུངས་འདུག
འབྲས་ལྗོངས་དགོན་སྡེ་ལྷན་ཚོགས་ཀྱི་དབུ་གཙོ་ཡ་པོ་བསོད་ནམས་ཡོངས་དྷ་ལགས་ཀྱིས། ཤྲི་ལང་ཁའི་མི་མང་གིས་འབྲས་ལྗོངས་ནས་འཁྲུངས་ཤིང་ཤྲི་ལང་ཁའི་ཡུལ་དུ་སྐུ་ཚེ་བསྐྱལ་བའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་ལ་ཤྲི་ལང་ཁའི་གཞུང་དམངས་ཀྱིས་གུས་བརྩི་ཆེན་པོ་ཞུས་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག དེ་ཡང་བཙུན་པ་མ་ཧེན་དྷ་མཆོག་ནི་འབྲས་ལྗོངས་སུ་འཁྲུངས་ཤིང་ཤྲི་ལང་ཁར་རབ་ཏུ་བྱུང་། ཁོང་རང་ཉིད་ཀྱི་རང་ཉིད་བོད་རིགས་ཡིན་པར་ཞལ་གྱིས་བཞེས། ཤྲི་ལང་ཁར་ཡང་བོད་ཀྱི་མ་ཧེན་དྷ་ཐེ་ར་ཟེར་ནས་སྐད་གྲགས་ཆེ། ཁོང་གི་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན། གོང་གིས་སྐུ་ཚེ་གང་བོར་དཔེ་དེབ་བཞི་བཅུ་ཙམ་བརྩམས་ཡོད། ཁོང་གིས་ཤྲི་ལང་ཁའི་རང་བཙན་འཐབ་རྩོད་ལ་ཕྱག་ལས་རྒྱ་ཆེར་གནང་ཞིང་ཤྲི་ལང་ཁ་རང་བཙན་བྱུང་རྗེས་སུ་ཁོང་ནི་ཤྲི་ལང་ཀའི་རང་བཙན་ལེན་མཁན་གྱི་དཔའ་བོའི་གྲས་སུ་བགྲངས་ཡོད། དེ་ཡང་གྲོང་ཁྱེར་ལྟེ་བ་གོ་ལོམ་བྷོ་ཡི་སྲང་ལམ་ཞིག་ལ་ཁོང་གི་མིང་བཏགས་པ་དང་། ཁོང་གི་འདྲ་སྐུ་ཞིག་ཀྱང་བཞེངས་ཡོད། ༼ཁོང་གི་སྐོར་ཉུང་བསྡུས་ཤིག་ཟུར་དུ་ངོ་སྤྲོད་བྱ་འཆར་ཡོད་༽
ད་དུང་གྲོང་ཁྱེར་ཕོན་དྲི་ཆེ་རེས་ཡི་ནང་པ་མཐུན་ཚོགས་ཀྱི་དབུ་གཙོ་སོགས་ཀྱིས་གསུངས་བཤད་གནང་ཡོད།
༼བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་གི་སྐུ་པར་གྱི་ཡོང་ཁུངས་www.dailynews.lkཡིན།༽

སྙིང་ཐིག་གླེང་སྟེགས་རྩམ་སྒྲིག་པས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།