མདོ་ཁམས་སུ་ཀློང་ཆེན་སྙིང་ཐིག་གི་ཁྲིད་ལུང་བརྒྱུད་པ་ཁྱབ་འཕེལ་བྱུང་ཚུལ།

གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་རིག་པ་འཛིན་པ་འཇིགས་མེད་གླིང་པ་མཆོག་མདོ་ཁམས་སྨད་ཀྱི་ལྗོངས་ཆེན་པོ་འདིར་ཆིབས་ཁ་བསྒྱུར་བའི་རྟེན་འབྲེལ་མ་འགྲིགས་ན་ཡང་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་རིན་པོ་ཆེ་མདོ་ཁམས་ཕྱོགས་སུ་དར་ཁྱབ་ཆེན་པོ་བྱུང་།
དེ་ཡང་ས་སྐྱོང་སྡེ་དགེ་རྒྱལ་པོ་ཚང་གིས་རིག་འཛིན་འཇིགས་མེད་གླིང་པ་གདན་འདྲེན་གྱི་ཞུ་བ་ཕུལ་ཡང་ཞལ་བཞེས་མ་གནང་། དེ་བཞིན་ཁོང་གི་ཞལ་སློབ་ཚོས་གསོལ་བ་བཏབ་ཀྱང་སྐབས་དེར་ཁོང་དགུངས་ལོ་མཐོན་པོར་ཕེབས་པ་ཡིན་པས་ས་ཆུ་མི་འཕྲོད་པའི་ཡུལ་ཐག་རིང་པོར་ཕེབས་པ་ལ་དགོས་པ་ལས་དགག་བྱ་ཆེ་ཚུལ་གྱི་གསུངས་ཕེབས། ཡིན་ན་ཡང་ཀློང་ཆེན་སྙིང་ཐིག་གི་བརྒྱུད་པ་འདི་མདོ་ཁམས་ཀྱི་ཕྱོགས་ཀྱི་སྔ་འགྱུར་བའི་བཤད་སྒྲུབ་ཀྱི་ལྟེ་གནས་རྒྱལ་བ་ཀ༔ཐོག་པ་དང་། གྲུབ་དབང་རྫོགས་ཆེན་པའི་དགོན་མ་ལག་གི་བརྒྱུད་པ་རྒྱ་ཤིན་ཏུ་ཆེ་ཞིང་དེར་ཡང་ཐོག་མར་གྲུབ་དབང་རྫོགས་ཆེན་པའི་ཁྲོད་དུ་དར་འཕེལ་བྱུང་ཚུལ་ནི་ཀུན་མཁྱེན་འཇིགས་མེད་གླིང་པའི་དངོས་སློབ་འགྲོ་དོན་འཕྲིན་ལས་རྒྱ་ཆེ་ཤོས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར། འབར་ཆུང་བླ་མ་རིག་འཛིན་ནམ་འཇིགས་མེད་གོ་ཆ་སོགས་རྫོགས་ཆེན་དགོན་ནས་སློབ་གཉེར་བྱས་ཤིང་མཁས་པར་གྱུར་ཟིན་པ་ཡིན། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ཉིད་རིག་འཛིན་འཇིགས་མེད་གླིང་པའི་མདུན་དུ་ཕེབས་སྐབས་སུ་ཡང་ཁོང་གི་བླ་མ་རྫོགས་ཆེན་སྐུ་ཕྲེང་གསུམ་པས་སྐུལ་མ་གནང་བ་ཡིན་ཞིང་ཁོང་ཕྱིར་རྫོགས་ཆེན་དགོན་དུ་ཕེབས་སྐབས་སུ་རྫོགས་སྤྲུལ་རིན་པོ་ཆེ་དང་རྫོགས་ཆེན་དཔོན་སློབ་སོགས་ཀྱིས་ཁོང་གི་མདུན་ནས་ཀློང་ཆེན་སྙིང་ཐིག་གི་ཁྲིད་ལུང་ཞུས། སྐབས་དེ་ནས་ཀློང་ཆེན་སྙིང་ཐིག་གི་ཁྲིད་རྒྱུན་སྤེལ་མཁན་སྐད་གྲགས་ཆེ་ཤོས་རྫོགས་ཆེན་མཁན་པོ་པདྨ་རྡོ་རྗེ་དང་། རྫ་དཔལ་སྤྲུལ་རིན་པོ་ཆེ། རྒྱལ་སྲས་གཞན་ཕན་མཐའ་ཡས། ཁོང་གི་ཚ་བོ་དགེ་མང་དབོན་པོ་བསྟན་འཛིན་ནོར་བུའམ་དབོན་པོ་བསྟན་ལི་སོགས་ཀྱང་རྫོགས་ཆེན་པའི་ཆོས་རྒྱུད་འཛིན་མཁན་ཡིན། ཀ་ཐོག་པའི་ཕྱོགས་སུ་ཀློང་ཆེན་སྙིང་ཐིག་གི་ཁྲིད་རྒྱུད་དར་སྤེལ་བྱུང་བ་ནི་རྫ་དཔལ་སྤྲུལ་གྱི་སློབ་མའི་མཆོག་ཏུ་གྱུར་པ་སྨྱོ་ཤུལ་ལུང་རྟོགས་དང་། ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། ཀ་ཐོག་མཁན་པོ་ངག་དབང་དཔལ་བཟང་ངམ་མཁན་པོ་ངག་ཆུང་སོགས་ཀྱིས་ཀློང་ཆེན་སྙིང་ཐིག་གི་དབང་ལུང་མན་ངག་གི་བརྒྱུད་པ་དར་སྤེལ་མཛད་པ་ཡིན། 

སྙིང་ཐིག་གླེང་སྟེགས་རྩོམ་སྒྲིག་པས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།