ཉེ་བའི་དུས་རབས་འདིའི་ནང་དུ་སྙིང་པོའི་དོན་གྱི་སྒྲུབ་པ་ལ་བརྩོན་པའི་སྐྱེས་བུ་དམ་པ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་མཆོག་ཕྱི་ཟླ་༥པའི་ཚེས་༣༠ཉིན་ཧྥ་རན་སིར་ཁོང་གི་སྐུ་ཚ་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ལས་རབ་གླིང་དུ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་ཐོན་འདུག
དེ་ཡང་མཁའ་འགྲོ་ཚེ་རིང་ཚེ་སྒྲོན་མཆོག་ནི་ས་བྱ་ལོ(༡༩༢༩)ལོར་ལོ་རྒྱུས་རིང་བའི་བསྟན་པའི་སྦྱིན་བདག་ཆེན་པོ་ལ་དཀར་ཚང་གི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། སྐུ་ནར་སོན་སྐབས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་ཟླར་གྱུར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དུས་རབས་ཉི་ཤུ་པའི་ནང་གི་ཆེས་སྙན་གྲགས་ཆེ་བའི་ནང་པ་སངས་རྒྱས་པའི་སློབ་དཔོན་ཞིག་ཡིན། དེ་ཡང་བོད་བརྒྱུད་ནང་བསྟན་གསང་བ་སྔགས་ཀྱི་ལུགས་ལ་བླ་མ་དང་བླ་མའི་མཁའ་འགྲོ་གཉིས་གཅིགམཚུངས་སུ་བཀུར་སྲོལ་ཡོད། ཡིན་ནཡང་མཁའ་འགྲོ་མཆོག་གི་རང་ཡུལ་གྱི་སྐྱིད་པའི་མི་ཚེ་དེ་ནི་ལོ་ངོ་དྲུག་ཙམ་གྱིས་མཇུག་དྲིལ་དགོས་བྱུང་། དེ་ཡང་རྒྱ་དམར་གྱི་བཙལ་འཛུལ་དམག་གིས་བོད་ཀྱི་མཐའ་མཚམས་སུ་དྲག་པོའི་རྒོལ་རྡུང་དང་། རིམ་བཞིན་ཆོས་བྱེད་བླ་མ་དང་དགེ་འདུན་པའི་སྡེ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་བྱས་པའི་མགོ་ཚུགས། ཕྱི་ལོ་༡༩༥༥ལོར་འཇམ་དབྱངས་མཁྱེན་བརྩེ་ཡབ་ཡུམ་ཡུལ་དབུས་གཙང་ཕྱོགས་སུ་ཕེབས་ཤིང་གནས་སྐོར་མཆོད་འཇལ་དང་། དེ་ནས་ལ་མཐོན་པོ་དང་རི་གཟར་བོ། གཤོང་དམའ་མོ་དང་འཕྲངས་དོག་པོ་སོགས་ཧི་མ་ལ་ཡའི་རི་རྒྱུད་འཕྲེད་དུ་བརྒལ་ནས་འབྲས་ལྗོངས་སུ་བཞུགས་གདན་འཇགས། ཕྱི་ལོ་༡༩༥༩ལོར་སྐུ་ཟླ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་གཤེགས། སྐབས་དེར་མཁའ་འགྲོ་མཆོག་དགུང་ལོ་སུམ་ཅུ་ཙམ་ལ་ཟིན་མེད། དུས་དེ་ནས་བཟུང་སྐུ་ཚེ་གང་བོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཆོད་ཁང་དང་ཁ་མ་བྲལ་བར་བསྙེན་སྒྲུབ་སོགས་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་བསྐྱངས། མཁའ་འགྲོ་ཁོང་ནི་སྤྱིར་ཁྱིམ་ཁྱིམ་རྒྱུད་གྲགས་ཅན་ཤིག་ནས་འཁྲུངས་པ་དང་། མཛད་ཕྲིན་རྒྱ་ཆེ་བའི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཁའ་འགྲོ་མར་གྱུར་པ། ཁོང་གི་ཚ་བོ་བསོད་རྒྱལ་རིན་པོ་ཆེ་དང་རྫོགས་ཆེན་རིན་པོ་ཆེ་སོགས་མཛད་ཕྲིན་རྒྱ་ཆེ་བས་ཆོས་དང་འཇིག་རྟེན་གང་ཡིན་ཡང་ལྟོས་འཇོག་གི་ཆ་ནས་ཁ་རྗེ་རླུང་རྟ་ཡོད་མཁན་གྱི་ཁོར་ཡུག་ཅིག་ཏུ་ཡོད་ན་ཡང་། རྟག་ཏུ་ག་ཚོད་ཐུབ་ཐུབ་ཀྱིས་འཇིག་རྟེན་ཕྱོགས་ཀྱི་ཁ་རྗེ་དབང་ཐང་གི་ཁོར་ཡུག་དེ་དང་ཐག་ཇེ་རིང་ཏུ་བཏང་ནས་བཞུགས་པ་རེད། དམན་ས་དམ་པའི་གདན་ས་ཡིན། ཞེས་པ་ལྟར་ནམ་ཡིན་ཡང་མཁའ་འགྲོ་མཆོག་གིས་རང་ཉིད་མདུན་དུ་ཐོན་ཐབས་གཏན་ནས་མི་མཛད་པར་སྦས་པའི་རྣལ་འབྱོར་བའི་མཛད་པ་ཉག་གཅིག་ལ་བསླབས་པའི་རྣམ་ཐར་དེ་ནི་ཆོས་པ་རྣམ་དག་ཅིག་གི་མིག་དཔེར་འོས་པ་ཞིག་ཆགས་ཡོད། ཁོང་གི་མདུན་དུ་མི་སུ་ཞིག་བཅར་རུང་འབུལ་བ་མི་བཞེས་ཤིང་གྲྭ་བཙུན་ལ་ཕྱག་མི་ལེན་པ་སོགས་སྟོང་ཉིད་རྟོགས་པའི་ལམ་རྟགས་ངོ་མ་ལས་རྒྱུ་འབྲས་འདོར་ལེན་ཕྲ་ཞིང་ཞིབ་པའི་ཁྱད་ཆོས་དཔག་མེད་ལྡན།
སྙིང་ཐིག་གླེང་སྟེགས་རྩོམ་སྒྲིག་པས
འདི་གའི་ཡིག་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་གང་བྱུང་པར་བཤུ་བརྒྱུད་འགོད་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།