རྡོ་རྗེ་ཚེ་སྲུང་གིས་བརྩམས།
བཙན་ནི་འདས་ཟིན་པའི་སྐྱེས་པ་ཁག་གཅིག་གི་རྣམ་ཤེས་རྟ་དམག་གི་རྣམ་པར་གྱུར་པ་ཞིག་ཡིན། བཙན་གྱི་རིགས་ནི་མི་རང་ག་བས་མཐོང་མི་ནུས་མོད་རྟོགས་པ་མཐོ་བའི་གང་ཟག་དང་རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང་སྐབས་ལ་ལར་མི་གསོན་པོ་ཁ་ཤས་ཤིག་བཙན་གྱིས་ཁྲིད་ནས་ཉིན་ཤས་རིང་བོར་བརླགས་སུ་འགྲོ་བ་ཡོད་ཅིང་སྐབས་དེར་བཙན་གྱིས་ཁྲིད་པའི་མི་དེས་བཙན་མཐོང་ནུས།
བཙན་རྒྱུ་བའི་སྒྲ་ནི་རྟའི་རྨིག་སྒྲ་དང་དྲིལ་གཡེར་གྱི་སིལ་སྒྲ་ལྟ་བུ་རླུང་འཚུངས་དང་འགྲོགས་ནས་མཚམས་མཚམས་སུ་ཐོས་ཐུབ་པ་ཡང་ཡོད་ཟེར། དེ་བཞིན་བཙན་ལམ་གྱི་སྟེང་དུ་ཁང་ཁྱིམ་འབུབས་པ་སོགས་བཙན་ལ་ཕོག་ཐུག་ཤོར་བ་བྱུང་ན་ཁྱིམ་ཚང་དེའི་ནོར་ཕྱུགས་རེ་རེའམ་ཁྱུ་གཅིག་སྦས་ནས་ཉིན་ཤས་སམ་ཟླ་བ་རེ་ཟུང་རིང་མི་རྙེད། གལ་སྲིད་མོ་པྲ་སོགས་ལས་བཙན་གྱིས་སྦས་པའི་ལུང་བབ་ན་བཙན་མདོས་གཏོང་བ་དང་གཙན་གསོལ་བཙན་མཆོད་བྱས་ན་ཕྱིན་ཆད་གནོད་པ་མི་བྱེད། དེ་བཞིན་ཁང་ཁྱིམ་དབུབས་ས་དེ་བཙན་ལམ་དུ་ཁེལ་ཡོད་ན་ཁང་ཁྱིམ་སྤོ་དགོས། བཙན་རྣམས་ཀྱིས་རྒྱུན་དུ་རྟ་ལ་ཞོན་ནས་རླུང་དང་འགྲོགས་ཤིང་འཛམ་གླིང་གང་སར་རྒྱུ། མཚམས་མཚམས་སུ་སྒར་ཆེན་པོ་བབ་ནས་ཚུགས་མལ་བཅའ། མཐོ་སྒང་གི་ཤིང་ཕྲན་སུ་རུ་དང་རྡོ་དཀར་ཟས་སུ་ཟ། སྐྱེས་པ་ལ་ལ་ཞིག་གྲོངས་སྐབས་སྟབས་མ་ལེགས་ན་རྣམ་ཤེས་བཙན་གྱིས་ཁྲིད་ནས་བཙན་གྱི་ཁོངས་སུ་བསྡུ་འཇུག་བྱེད། དེ་ཡང་བཙན་རྒྱུ་ཞིང་གནས་པའི་སར་རྟ་འགྲོག་ནས་སར་བརྡབས་པའི་རྐྱེན་ངན་ལས་གྲོངས་བ་ལྟ་བུ་བཙན་ཁོངས་སུ་བསྡུ་འཇུག་བྱས་པའི་ཉེན་ཁ་ཆེ་བར་འདོད། བཙན་ཁོངས་སུ་གསར་དུ་ཞུགས་པ་དེས་རང་ལ་དབང་བའི་རྟ་ཞིག་མ་ཐོབ་བར་དུ་བཙན་གཞན་གྱི་རྟ་ཁ་ཁྲིད་ནས་རྒྱུག་དགོས། རྟ་ཁ་ཁྲིད་མཁན་གྱི་རྐང་པའི་རྟིང་པར་རྟའི་རྨིག་པས་རྨ་བཟོས་ནས་ཁྲག་འཛགས་པ་དང་ན་ཟུག་ཆེན་པོ་གཏོང་བའི་སྡུག་བསྔལ་ཡོད། རང་གི་ཁྱིམ་དུ་གཏོགས་པའི་སྐྱེས་པ་གྲོངས་ཟིན་པ་ཞིག་བཙན་གྱི་ཁོངས་སུ་བསྡུ་འཇུག་བྱས་ཚུལ་མཚམས་མཚམས་སུ་མོ་དང་པྲ་ལས་འབབ་པ་ཡོད་ཅིང་། གལ་སྲིད་རང་གི་ཁྱིམ་གྱི་ཉེ་འཁོར་ན་གང་ཡིན་མི་ཤེས་པར་རྟའི་རྗེས་དང་མཉམ་དུ་ཁྲག་ཟག་ཡོད་པ་འདྲ་མཐོང་ན་རང་གི་ཕ་མེས་འདས་ཟིན་པ་ཞིག་བཙན་གྱི་རྟ་ཁ་ཁྲིད་མཁན་དུ་གྱུར་པའི་རྟགས་མཚན་ཡིན་པས་གཤིན་པོ་ལ་རྟ་སྐལ་འབུལ་དགོས། གཤིན་པོ་ལ་རྟ་སྐལ་འབུལ་ཚུལ་ནི་བཙན་ལམ་དུ་ཁེལ་བའི་སར་བཙན་རྒྱུ་བའི་དུས་གནད་དམིགས་བསལ་བ་ཞིག་ལ་ཁྱིམ་ཚང་གི་རྟ་དྲག་པ་དེ་གསོད་དགོས། རྟ་དེ་བསད་རྗེས་སུ་རྟའི་རྣམ་ཤེས་དེ་གཤིན་པོ་དེ་ལ་ཐོབ་འགྲོ། དུས་དེ་ནས་གཤིན་པོ་བཙན་དུ་གྱུར་པ་དེ་ལ་ཡང་བཙན་རྒན་པ་རྣམས་བཞིན་རྟ་ཞོན་རྒྱུ་ཡོད་པས་རྐང་ཐང་དུ་བཙན་གཞན་གྱི་རྟ་ཁ་ཁྲིད་མི་དགོས་པས་དགའ་བདེ་ཆེན་པོ་ཐོབ་ནུས། སྤྱི་ཚོགས་ཁྲོད་དུ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས་ཆོ་ག་འདི་དེང་སང་མངོན་གསལ་དོད་པོས་བྱེད་མཁན་མེད་པ་འདྲ།
ངས་དྲན་པ་ཞིག་ལ་ངའི་ཕ་ཡུལ་དུ་ཕོ་གསར་ཞིག་གྲོངས་སོང་། མི་དེ་གྲོངས་སྟངས་དེས་མི་རྣམས་ལ་གསང་བ་འགྲོལ་དཀའ་བའི་དོག་པ་ཞིག་བསྐྱེད། ཁྱིམ་ཚང་དེའི་རུ་མཚེར་ས་གསར་པ་ཞིག་ལ་བབ། རུ་མཚེར་ས་གསར་པར་བབ་པའི་མཚན་མོ་དེར་གློ་བུར་དུ་སྒོའི་ནོར་ཕྱུགས་རྣམས་འགྲོག ཁྱིམ་ན་ནུབ་ཟས་ཟ་བཞིན་ཡོད་པའི་ཁྱིམ་ཚང་གང་བོས་དངངས་སྐྲག་དང་བྲེལ་འཚུབས་ཀྱིས་སྒོར་བུད། ཕོ་གསར་དེའི་མེ་མདའ་བཟུངས་ནས་སྒོར་སྔོན་དུ་ཐོན། སྨག་ནག་གི་ཁྲོད་དུ་དམིགས་གཏད་མེད་པར་མེ་མདའ་འཕངས། དེ་ནི་རྐུན་ཇག་གཅན་གཟན་གང་ཡིན་ལ་འཇིགས་སྣང་སྐུལ་ཆེད་ཙམ་རེད། བློ་ཡུལ་ལས་འདས་པ་ཞིག་ལ་མེ་མདའ་འཕངས་པ་དང་ལྷན་དུ་ཕོ་གསར་དེ་སར་འགྱེལ། གཟེར་ཆེན་ཕུར་བ་བརྡབ་བརྡབ་དང་གཟེར་ཆུང་ལུ་གུ་རྩེ་རྩེ་བྱས་ནས་སྐར་མ་ཁ་ཤས་ཀྱི་རྗེས་ལ་དབུགས་འབྱིན་རྔུབས་མཚམས་བཞག སྐྱེས་པ་དེའི་ཕུང་པོའི་བྲང་གཡོན་ངོས་སུ་རྟའི་རྨིག་རྗེས་ཤིག་སྔོ་གོར་རེར་དོད་འདུག་ཟེར། མོ་པྲ་ལས་བབ་པ་ལྟར་ན་ཁྱིམ་ཚང་དེའི་རུ་སྡོད་ས་དེ་བཙན་གྱི་རྒྱུ་ལམ་དུ་ཁེལ་ཡོད་ཅིང་། དགོང་མོ་དེར་བཙན་རྒྱུ་བའི་དུས་སུ་ཁེལ་ནས་ནོར་ཕྱུག་ལ་འགྲོག་བསླངས་པ་དང་། སྐྱེས་པ་དེ་སྒོར་ཐོན་ནས་མེ་མདའ་བརྒྱབ་སྐབས་བཙན་གྱི་རྟས་ཕྱིར་འཕྲ་བརྒྱབས་པ་ཁོའི་བྲང་ལ་ཁེལ་བ་རེད་ཟེར།
རང་རེའི་ཆོས་ལུགས་ཆོ་གའི་ཁྲོད་དུ་བཙན་གསོལ་རྒྱས་བསྡུས་མང་པོ་འབུལ་སྲོལ་ཡོད། བོད་ཀྱི་ཆོས་རྒྱུད་མང་པོས་གསོལ་མཆོད་བྱེད་བཞིན་པའི་བཙན་རིགས་ཀྱི་སྲུང་མ་ཞིག་ནི་ཙིའུ་དམར་པོ་སྤུན་བདུན་རེད། འདི་ལ་མིང་ཁ་ཤས་ཡོད། ཙིའུ་དམར་པོ། ཆེ་བཙན་རོལ་བ་སྐྱ་བདུན། བཙན་རྒོད་རོལ་པ་སྐྱ་བདུན་སོགས་རེད། བཙན་རིགས་ལ་གསོལ་མཆོད་བྱེད་སྲོལ་ནི་སྔོན་ནས་ཡོད་ངེས་ཡིན་མོད་ཙིའུ་དམར་པོ་སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་སྲུང་མར་གསོལ་སྲོལ་བྱུང་བ་དེ་ནི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་དུས་སུ་ཡིན། དེ་ཡང་བཙན་བྲག་དམར་པོ་སྲིན་མོ་ལངས་འདྲ་ཞེས་པའི་ས་གནས་སུ་མཚན་དགུང་དུ་འཇིགས་སུ་རུང་བའི་སྤྱང་ཀི་སྤུ་རྩེ་དམར་ཟིང་ངེ་བ་བདུན་གྱིས་གླགས་ལྟའི་བར་ཆད་བྱུང་སྐབས་སུ་སློབ་དཔོན་པདྨས་དམ་ལ་བཏགས་པ་རེད་ཅེས་བཤད་སྲོལ་ཡོད། སྐབས་དེ་དང་བསྟུན་ནས་སློབ་དཔོན་ཆེན་པོས་ནང་པའི་ཆོས་དང་བསྟུན་ནས་ཙིའུ་དམར་པོ་སྤུན་བདུན་གྱི་སྐྱེས་རྒྱུད་ཅིག་ཀྱང་གསུངས་ཡོད། དེ་ལས་ཤེས་ཐུབ་པ་ཞིག་ནི་བོད་རང་གི་སྲོག་རྒྱུན་ཡིད་ཆེས་ལ་བཙན་གྱི་རིགས་འདི་མཚམས་མཚམས་སུ་སྤྱང་ཀི་སོགས་ཀྱི་གཟུགས་སུ་བསྒྱུར་ནས་འོངས་བ་ཡང་ཡོད་པ་འདྲ། དེིའི་རྗེས་སུ་བཙན་པོ་ཁྲི་སྲོང་གི་སྤྲུལ་བར་གྲགས་པའི་མངའ་རིས་པཎ་ཌི་ཏ་པདྨ་དབང་རྒྱལ་༼༡༤༨༧-༡༥༤༢༽བསམ་ཡས་སུ་ཕེབས་སྐབས་སུ་རྟགས་མཚན་བྱུང་བ་ལ་བརྟེན་ནས་བཙན་གསོལ་རྒྱས་པ་ཞིག་མཛད། དེ་ཡང་བཙན་གསོལ་དེའི་མགོ་ནས་དཔེ་མཚོན་ཚིག་འགའ་ཞིག་དྲངས་ན་འདི་ལྟར། ཀྱེ། ཕྱོགས་ཕྱོགས་དེ་ནས་ཕ་ཀི་ན༎ཉི་མ་ནུབ་ཕྱོགས་ཕ་ཀི་ན༎བཙན་ཡུལ་ཟངས་ཐང་དམར་པོ་ན༎པདྨ་དབང་གི་བཀའ་ཉན་པ༎ཆེ་བཙན་རོལ་པ་སྐྱ་བདུན་ནི༎ཕལ་ཆེར་སྐུ་མདོག་དམར་པོ་ལ༎ཕྱག་ན་བ་དན་ཞགས་པ་བསྣམས༎ཞེས་པ་ལྟ་བུ་ཡིན། དེ་ཡང་བླ་མ་འདི་བོད་ཀྱི་བཙན་པོ་ཁྲི་སྲོང་གི་སྤྲུལ་བར་གྲགས་པ་དང་བཙན་རྒོད་རོལ་པ་སྐྱ་བདུན་ནམ་ཙིའུ་དམར་པོ་ཞེས་པའི་སྲུང་མ་འདི་བོད་བཙན་པོའི་གདུང་རྒྱུད་ཀྱི་འགོ་བའི་སྲུང་མ་ཞིག་ཡིན་པ་བཅས་ཀྱི་འབྲེལ་བ་བརྟེན་ནས་བཙན་གསོལ་འདི་མཛད་པར་ངེས།
བཙན་གྱི་ཆ་ལུགས་དང་ཁང་ཁྱིམ་གྱི་སྐོར་ལ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་དར་མདུང་དམར་པོ་མང་པོ་འཛུགས་པ་སོགས་བོད་ཀྱི་བཙན་པོ་ཚོའི་ཁང་ཁྱིམ་གྱི་བཀོད་པ་ཆ་ལུགས་མཚུངས་པར་བསྟན་ཡོད། ཙིའུ་དམར་པོ་སྲུང་མའི་གཙོ་བོར་བསྟེན་མཁན་ཚོས་ཁྱིམ་དང་དགོན་པའི་ནུབ་ཕྱོགས་སུ་བཙན་མཁར་བཞེངས་སྲོལ་ཡོད། བཙན་མཁར་གྱི་ནང་རྟེན་སྐོར་འདིར་རྒྱས་པར་མི་གླེང་། ཕྱིའི་དབྱིབས་ནི་གྲུ་བཞི་མ་སྟེང་དུ་དར་ཆ་དམར་པོ་གྲུ་གསུམ་དར་ཤིང་མདའ་མདུང་གི་དབྱིབས་ཅན་མང་པོ་བཙུགས་ཡོད་པ་ཞིག་ཡིན།
བོད་ཀྱི་བཙན་པོ་དང་བཙན་འདི་མིང་མཐུན་ཐོག་ཆ་ལུགས་ཀྱང་མཐུན་པ། བཙན་པོའི་མཁར་དང་བཙན་གྱི་རྟེན་མཁར་གྱི་རྣམ་པ་མཚུངས་པ། རྒྱུན་དུ་དམག་དཔུང་གི་རུ་ཕྱོགས་སུ་བསྐྱོད་པ་ལ་ལྟ་བུ་ལས་སུ་བྱ་བ་མཐུན་པ། ཆོས་ལུགས་ཀྱི་བཙན་གསོལ་ལས་ཀྱང་བཙན་རིགས་ཙིའུ་དམར་པོ་སྤུན་བདུན་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ལྷ་ཡིན་ཚུལ་གསལ་བ་ལས་དེ་ཡང་བོད་བཙན་པོ་ཚང་གི་ཐུན་མིན་གསོལ་མཆོད་བྱ་ཡུལ་ཞིག་ཡིན་པས་བཙན་པོ་ཚང་དང་འབྲེལ་བ་ཆེ་བ། དེ་བཞིན་དུ་རྒྱའི་ཐང་ཡིག་ལས་བོད་ཀྱི་བཙན་པོ་སོགས་ཀྱིས་གདོང་ལ་ཚོན་དམར་པོ་བྱུགས་པའི་སྲོལ་ཡོད་ཚུལ་བྲིས་ཡོད་པ་བཞིན་བཙན་གྱི་ཞལ་འབགས་འབྲི་བཞེངས་སྐབས་སུ་ཞལ་རས་དེ་དམར་ལམ་ལམ་བྱེད་པ་ཡིན། དོན་གནད་འདི་ལས་ཤེས་པ་ཞིག་ནི་རང་རེའི་ལོ་རྒྱུས་སུ་བོད་གདོང་དམར་ཅན་དང་གདོང་དམར་བོད་ཀྱི་ཡུལ་ཞེས་པའི་ཐ་སྙད་འདོགས་པ་དེ་ཡང་རང་བཞིན་གྱིས་མཁུར་ཚོས་དམར་བ་ཙམ་ལ་གོ་རྒྱུ་མ་ཡིན་པར་སྔ་མོར་གདོང་ལ་ཚོན་དམར་པོ་བྱུགས་པའི་སྲོལ་ཡོད་པ་ལས་བཏགས་པ་ཡིན་པར་གདོན་མི་ཟ། ཡུལ་དཔོན་སོགས་ཕ་མེས་དཔའ་བོ་དང་སྟོབས་ཤུགས་ཅན་ལྷ་འདྲེ་ལྟ་བུར་གྱུར་པར་གསོལ་མཆོད་དང་རེ་དོགས་བྱེད་སྲོལ་ཡོད་པ་གནའ་བོའི་ཡིད་ཆེས་དད་མོས་རིགས་མང་པོར་ཡོད་པས་ཆོས་ལུགས་ཆོ་གའི་ལོ་རྒྱུས་བྱུང་རིམ་དང་མཐུན་པ་སོགས་ལ་བསམ་གཞིག་བྱེད་སྐབས་བཙན་ཞེས་བྱ་བ་ནི་གཞན་གང་ཡང་མ་ཡིན་པར་བོད་རང་གི་ཡུལ་དཔོན་སོགས་ཕ་མེས་དཔའ་བོ་གཡུལ་དུ་ཤི་བ་ཁག་གཅིག་ལྷ་འདྲེི་མཐུ་བོ་ཆེའི་རྣམ་པར་གྱུར་པར་ཡིད་ཆེས་ཀྱིས་དེས་ཕན་གནོད་བྱེད་པར་རེ་དོགས་ཀྱི་སྲོལ་རྒྱུན་ཆོས་ལུགས་ལྟ་བུ་ཞིག་ཡིན་པ་གོར་མ་ཆག་གོ༎
མཐུག་བསྡུ་བ། བཙན་ནི་བོད་རང་གི་སྲོལ་རྒྱུན་ཡིད་ཆེས་ཀྱི་ལྷ་འདྲ་གདོན་བགེགས་ཀྱི་རིགས་ཤིག་ཡིན་ལ་ད་དུང་མང་ཚོགས་ཁྲོད་ན་མཆོད་པ་དང་གསོལ་བ། དད་པ་དང་འཇིགས་པ་སོགས་མ་ཉམས་པར་གནས་ཡོད་པའི་ལྷ་འདྲེ་མཐུ་བོ་ཆེའི་རིགས་ཤིག་ཡིན། བཙན་གྱི་ཆ་ལུགས་དང་། རྟེན་མཁར། ནང་རྟེན་གཟུངས་གཞུགས། གསོལ་མཆོད་ཆོ་ག སྐྱེས་རྒྱུད་ལོ་རྒྱུས་སོགས་ཀྱང་ཐུན་མོང་མ་ཡིན་པའི་རྣམ་པ་ཆེས་ཆེར་ལྡན་པའི་སྲོལ་རྒྱུན་ཡིད་ཆེས་རིགས་ཤིག་ཡིན་སྟབས་འདི་ཡང་བོད་རང་གི་གདོད་མའི་ཡིད་ཆེས་དད་མོས་དང་། ཆོས་ལུགས་ཆོ་ག ཆ་ལུགས། འཚོ་བ། ཁང་ཁྱིམ་གྱི་བཀོད་པ་སོགས་ལ་དཔྱད་གཞི་ཆེན་པོ་ཞིག་ཡོད་པར་ངེས་སོ༎ ༎
འདི་གའི་རྒྱུ་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་བཤུ་སྤེལ་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།