ལོ་རྒྱུས་ཀྱི་སྟེང་གི་དེ་རིང་།

རྡོ་རྗེ་ཚེ་སྲུང་གིས་བརྩམས།
དེ་རིང་ནི་ཕྱི་ཟླ་༦པའི་ཚེས་༦རེད། ཕྱི་ལོ་༡༩༨༤ལོའི་ཟླ་ཚེས་འདིའི་ཉིན་ལ་འཕགས་པའི་ཡུལ་དུ་འབོད་པའི་རྒྱ་གར་གྱི་མངའ་སྡེ་པན་ཇབ་ཏུ་ཆེས་འཇིགས་སུ་རུང་ཞིང་ཡ་ང་བའི་མི་གསོད་ཁྲག་བཞུར་གྱི་རྐྱེན་ངན་བརྗེད་མི་ཐུབ་པ་ཞིག་བྱུང་བ་རེད།
རྐྱེན་ངན་དེ་ནི་མི་ལོ་གཉིས་ཀྱི་རིང་ལ་རྒྱ་གར་གཞུང་དམག་དང་སིག་གི་ཁ་བྲལ་གྱེན་ལོག་པ་གདོང་གཏུག་རིམ་པར་བྱུང་བའི་མཇུག་འབྲས་ཞིག་རེད། མེ་མདའ་དང་འབར་མདེལ་གྱི་གཡུལ་འཐབ་འདིའི་ཁྲོད་དུ་ཆེས་ཉུང་མཐར་ཡང་སིག་གི་གྱེན་ལོག་དྲག་རྒོལ་བ་༥༠༠ཙམ་དང་རྒྱ་གར་གཞུང་དམག་༡༠༠ལྷག་ཅིག་གི་ཚེ་སྲོག་ཤོར་ཡོད།
སིག་ཞེས་པའི་ཆོས་ལུགས་དེ་ནི་དུས་རབས་༡༥པའི་མཇུག་ཙམ་ལ་གུ་རུ་ན་ནག་གིས་སྲོལ་བཏོད། དེ་ཡང་ཆོས་ལུགས་དེའི་ལྟ་གྲུབ་ངོ་མ་ནི་ཧིན་དྷུ་མུ་སྟེགས་པའི་ལུགས་དང་ཨི་ཟི་ལམ་གྱི་ལུགས་ཏེ་རྒྱ་གར་གྱི་ཆོས་ལུགས་ཆེན་པོ་གཉིས་ཟུང་དུ་འཇུག་པའམ་བསྲེས་སྦྱོར་བྱས་པ་ལྟ་བུ་ཞིག་ཡིན། ཆོས་ལུགས་དེའི་ཁྱབ་ཡུལ་ལྟེ་བ་ནི་རྒྱ་གར་གྱི་མངའ་སྡེ་པན་ཇབ་ཀྱི་ཡུལ་ཡིན་ཞིང་པན་ཇབ་ཀྱི་སྐད་རྒྱག་མཁན་ཕལ་ཆེ་བ་ཆོས་ལུགས་དེའི་རྗེས་འབྲངས་བ་ཡིན། དེ་ཡང་ཕྱི་ལོ་༡༩༧༠པའི་ནང་ལ་པན་ཇབ་ནི་ཞིང་ལས་ཐོན་སྐྱེད་ཀྱི་ཡོང་འབབ་ཆེས་སྔོན་ཐོན་གྱི་མངའ་སྡེ་ཞིག་ཡིན་ཞིང་མངའ་སྡེ་འདིའི་སིག་གི་དབུ་འཁྲིད་པ་ཚོས་མངའ་སྡེ་འདི་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རེ་འདུན་ཐེངས་མང་འདོན་མྱོང་བ་རེད། ཡིན་ན་ཡང་ཕྱི་ལོ་༡༩༨༢ཙམ་བར་ལ་གནས་སྟངས་ཞི་འཇམ་གྱི་ལས་འགུལ་ཙམ་རེད།
སིག་གི་ཆོས་བྱེད་མི་སྣ་ཇར་ནེལ ཤཱ བྷེན་ཌན་ཝེལ་ཞེས་པས་སྣེ་ཁྲིད་དེ་འཇིགས་སྐུལ་རིང་ལུགས་དང་། མཐོ་རིམ་མི་སྣའི་སྐུལ་ལ་བདོ་བའི་དྲག་སྤྱོད་ཀྱི་ལམ་ནས་སིག་རང་བཙན་གྱི་ལས་འགུལ་སྤེལ་ཞིང་སིག་ཁ་ལི་སི་ཐན་ཞེས་པའི་རྒྱལ་ཁབ་ལོགས་སུ་འཛུགས་པའི་མིང་ཐོག་ནས་སྔ་ཕྱིར་མཐོ་རིམ་ཆབ་སྲིད་མགོ་ཁྲིད་པ་མི་སྣ་དང་ཧིན་དྷིའི་ཆོས་བྱེད་པ་བཅུ་གྲངས་ཤིག་ཀྱང་རྐྱེན་ལམ་དུ་བཏང་བ་རེད། སིག་གི་མི་མང་ཡང་ཆེས་མང་པོ་ཞིག་གིས་བྱེད་སྟངས་དེ་ལ་མོས་མཐུན་མ་བྱས་ཤིང་། བྱེད་སྟངས་དེ་ལ་སྐྱོན་བརྗོད་བྱེད་མཁན་གྱི་སིག་གི་མི་སྣ་ཁ་ཤས་ཤིག་ཀྱང་ཁ་བྲལ་དྲག་རྒོལ་བ་ཚོས་བསད་པ་རེད།
དོན་རྐྱེན་ངན་པ་དེའི་འཕྲལ་གྱི་འབྱུང་རྐྱེན་ནི་ཁ་བྲལ་དྲག་རྒོལ་བ་ཚོས་པན་ཇབ་ཀྱི་གྲོང་ཁྱེར་གཙོ་བོ་མ་རིཏ་ཚར་ཆགས་པའི་སིག་གི་ལྷ་ཁང་སྐད་གྲགས་ཅན་ཧ་རི་མན་ཏིར་རམ་གསེར་གྱི་ལྷ་ཁང་གཙོས་པའི་སིག་གི་གནས་ཆེན་ལྟེ་བ་མང་པོ་ཞིག་ལ་བཙན་ས་བཟུང་སྟེ་ཉེན་ཁ་ཆེ་བའི་མཚོན་ཆ་གསོག་ཉར་དང་། དམག་འཐབ་སྒུག་ར་བརྩིགས་པ། འཐབ་མོ་བ་མང་པོ་བསྡུ་སྐོང་སོགས་བྱས་རྐྱེན་གྱིས་རྒྱ་གར་གྱི་ལྷ་ལྕམ་ཨིན་དར་གྷན་དྷེའི་གཞུང་གིས་ལས་ག་འདི་བྱེད་དགོས་བྱུང་བ་རེད།
སིག་གི་ལྷ་ཁང་སྐད་གྲགས་ཅན་ཧ་རི་མན་ཏིར་རམ་གསེར་གྱི་ལྷ་ཁང་ཞེས་པ་འདི་ནི་སིག་གི་ཆོས་ལུགས་པའི་གནས་ཆེན་ལྟེ་བ་དང་འཛམ་གླིང་ན་སྐད་གྲགས་ཆེ་བའི་ལྷ་ཁང་ཞིག་རེད། དེ་ཡང་ཕྱི་ལོ་༡༦༠༤ལོར་སིག་གི་སློབ་དཔོན་གུ་རུ་ར་ཇུན་གྱིས་བཞེངས། རྗེས་སུ་ཨབ་གྷན་གྱི་བཙན་འཛུལ་བས་ཐེངས་ཁ་ཤས་ལ་བཤིག དུས་རབས་བཅུ་དགུ་པའི་སྟོད་དུ་བསྐྱར་བཞེངས་དང་རྒྱ་སྐྱེད་བྱས་ཤིང་རྡོ་ཀ་མ་རུ་པའི་རྩིགས་པ་དང་ཞལ་བ། ཟངས་ཀྱི་ཐོག་ཁེབས་ལ་གསེར་ཤོག་འཐུག་པོས་བཏུམ་པ། ཆུ་རྫིངས་ཀྱིས་བསྐོར་བའི་དབུས་སུ་ལྷ་ཁང་ལྟེ་བ་ཆགས་པ་སོགས་ཆེས་ངོ་མཚར་ཞིང་རིན་ཐང་གཞལ་དུ་མེད་པའི་བཀོད་པ་དང་ལྡན་པར་བྱས། ས་ཁྱོན་ཨེ་ཀ་༧༢ཀྱི་སྟེང་དུ་ལྷ་ཁང་གཞན་མང་པོ་བཞེངས་པ་སོགས་རྒྱ་ཁྱོན་དང་བཀོད་པ་ཆེས་ཁྱད་དུ་འཕགས།
སྐབས་དེའི་རྒྱ་གར་གྱི་སྲིད་སྐྱོང་བ་ལྷ་ལྕམ་ཨིན་དར་གྷན་དྷེས་བཀའ་མངགས་བཞིན་ཕྱི་ཟླ་༦པའི་ཚེས་༡གི་ཉིན་མོར་རྒྱ་གར་གཞུང་དམག་གིས་གསེར་གྱི་ལྷ་ཁང་ངམ་ཧ་རི་མན་དིར་གྱི་མཐའ་བསྐོར་ཞིང་མེ་མདའ་འཕེན་རེས་བྱུང་། གྱེན་ལོག་དྲག་རྒོལ་བས་མགོ་འདོགས་མ་བྱས་སྟབས་ཉིན་ཤས་རིང་དེ་མུར་ལུས། ཚེས་༦གི་སྔ་མོར་གཞུང་དམག་གིས་ལྷ་ཁང་ནང་དུ་དཔུང་འཇུག་གིས་གྱེན་ལོག་པ་རྣམས་ཕམ་པར་བྱས། ཉིན་དེར་གྱེན་ལོག་མགོ་ཁྲིད་པ་ཇར་ནེལ ཤཱ བྷེན་ཌན་ཝེལ་གཙོས་པའི་སིག་གི་གྱེན་ལོག་དྲག་རྒོལ་བ་༤༩༢བསད་ཚུལ་རྒྱ་གར་གཞུང་གིས་ཁྱབ་བསྒྲགས་བྱས་ཀྱང་སིག་རང་ཉིད་ཀྱི་ཕྱོགས་ནས་བསད་པའི་མི་གྲངས་སྟོང་གི་ཁར་ཡང་ལོངས་ཚུལ་བཤད་ཀྱིན་ཡོད། དེ་བཞིན་རྒྱ་གར་གཞུང་དམག་བརྒྱ་ལྷག་ཙམ་བསད་ཅིང་ཕྱོགས་གཉིས་ཀྱི་མི་བརྒྱ་ཕྲག་ཁ་ཤས་རྨས། དེ་བཞིན་སིག་གི་མི་༡༥༠༠ཙམ་བཟུང་། གསེར་གྱི་ལྷ་ཁང་ངོ་མ་ལ་བཤིག་སྐྱོན་ཆེན་པོ་དེ་ཙམ་མ་ཐེབས་ན་ཡང་ཨ་ཁལ་ཐག་ཏི་ཞེས་སིག་གི་གསུང་རབ་བཞུགས་པའི་ལྷ་ཁང་ལ་བཤིག་སྐྱོན་ཆེན་པོ་ཐེབས།
རྐྱེན་ངན་དེར་བརྟེན་རྒྱ་གར་ཡུལ་ཡོངས་སུ་སིག་གི་ཆོས་དད་པ་ཚོས་ངོ་རྒོལ་ཆེན་པོ་བྱས་ནས་མི་ཧ་ཅང་མང་པོར་འཆི་རྐྱེན་ཐེབས། ལྷག་པར་ཡང་རྒྱ་གར་གཞུང་དམག་ནང་གི་སིག་གི་དམག་མི་ཆིག་སྟོང་ཙམ་གྱིས་གྱེན་ལོག་དྲག་རྒོལ་བྱས་པ་དྲག་གནོན་བྱ་དགོས་བྱུང་། ཆེས་བརྗེད་པར་དཀའ་བའི་མཇུག་འབྲས་གཞན་ཞིག་བྱུང་བ་དེ་ནི་ལྷ་ལྕམ་ཨིན་དར་གྷན་དྷེ་རང་ཉིད་ཀྱི་སྐུ་སྲོག་ཤོར་བ་དེ་རེད། དེ་ཡང་ལོ་དེའི་ཕྱི་ཟླ་༡༠པའི་ཉིན་ཐ་མའི་སྔ་དྲོར་ལྷ་ལྕམ་མཆོག་ཞབས་ཐང་གིས་ལས་ཁུངས་སུ་ཕེབས་པའི་ལམ་བར་དུ་སིག་གི་མི་རིགས་སུ་གཏོགས་པའི་སྐུ་སྲུང་མི་སྣ་གཉིས་ཀྱིས་མེ་མདས་བསྟུད་མར་གཙེས་ནས་སྐུ་བཀྲོངས་བ་རེད། རྐྱེན་དེས་སླར་ཡང་ཧིན་དྷུ་བ་ཚོས་སྟངས་འཛིན་བྱ་དཀའ་བའི་དྲག་སྤྱོད་ཡ་ང་བས་སིག་གི་མི་སྣ་མང་པོ་དམར་གསོད་དང་བརྡུངས་བརྡེགས་བྱས། ཐ་མར་ལྷ་ལྕམ་ཨིན་དར་གྷན་དྷེའི་སྐུའི་སྲས་དང་རང་གི་དབང་ཆའི་བརྒྱུད་འཛིན་པ་ར་ཇིབ་གྷན་དེས་བཀའ་ཁྱབ་བཏང་བ་བཞིན་རྒྱ་གར་གཞུང་དམག་གིས་བཀག་འགོག་བྱ་དགོས་བྱུང་བ་རེད། རྐྱེན་ངན་དེ་དག་ལ་བརྟེན་ནས་༡༩༩༠ནང་བར་དུ་པན་ཇབ་ནི་དམ་དྲག་ཆེ་ཞིང་ཆབ་སྲིད་ཀྱི་ཚོར་སྣང་རྣོ་བའི་མངའ་སྡེ་ཞིག་ཏུ་གྱུར།
འདི་ཀའི་ཡིག་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་པར་བཤུ་བརྒྱུད་འགོད་མ་བྱེད་རོགས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།