རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་ཆོས་སྐྱོང་གི་རུ་མཚོན་མངའ་གསོལ་གྱི་ངོ་སྤྲོད་རགས་ཙམ།

རྩོམ་རིག་གི་རིན་ཐང་།
དེ་ཡང་ཐོག་མར་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སྦྱར་ནས་ཆོས་སྐྱོང་གི་ངོ་བོ་དང་བྱེད་ལས་གསལ་སྟོན་དང་། དེ་ནས་ཆོས་སྐྱོང་རྣམས་རྒྱལ་སྲིད་སྣ་བདུན་གྱི་གཟུགས་སུ་བཀོད་ནས་མངའ་གསོལ་བསྟོད་བསྔགས་བྱས་ཡོད།
ཚིག་གི་སྡེབས་སྦྱོར་དང་ཚིག་དོན་བསྡེབས་སྟངས་ལས་ཀློག་པ་པོའི་སེམས་ཁམས་གཟེངས་སུ་བསྟོད་ནུས་ཤིང་། སྙན་ངག་གི་ཉམས་འགྱུར་གྱི་མཛེས་སྡུག་སེམས་ཁམས་སུ་སྦྱིན་ནུས་པ་ཞིག་ཡིན། རྩོམ་པ་པོ་དང་སྐུལ་བ་པོས་སྐབས་དེའི་རྒྱ་ཆེ་བའི་སྤྱི་ཚོགས་ཤིག་གི་མགྲིན་ཚབ་པ་བྱས་ནས་སེམས་ཁམས་ཀྱི་རེ་བ་དང་། ཡིད་སྨོན། ཕུགས་བསམ་བཅས་གསལ་བར་མཚོན་པའི་འཕྲིན་ལས་བཅོལ་བས་མཇུག་བསྡུས་ཡོད།
ལོ་རྒྱུས་དང་སྤྱི་ཚོགས་མཚོན་སྟངས།
རིག་འཛིན་འཇིགས་མེད་གླིང་པ་སྐུ་འཚོ་ཞིང་གཞེས་པའི་དུས་ནི་བོད་ཀྱི་ཆབ་སྲིད་སྟོབས་ཤུགས་ཕྱོགས་གང་ཐད་ནས་ཉམས་ཉེས་སུ་འགྲོ་བཞིན་པའི་སྐབས་ཤིག་རེད། དེ་ཡང་བོད་ཀྱི་གཞུང་འཛིན་མི་སྣ་སོགས་ཆོས་སྲིད་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་རྒྱ་ནག་གི་ཆིངས་སྲིད་གཞུང་ངམ་མན་ཇུའི་ཞི་དྲག་གཡོ་སྒྱུའི་བཙན་འཛུལ་ཐབས་ལམ་སྣ་ཚོགས་ཀྱི་དབང་དུ་འགྲོ་བཞིན་པ་དང་། མེ་ལུག་ལོ་ནས་གོར་ཥའི་(1787)དམག་གིས་བོད་དུ་བཙན་འཛུལ་བྱས་པར་བརྟེན་བོད་ཁྱོན་ཡོངས་ཀྱི་ཆོས་སྡེ་ཚང་མས་ཞི་རྒྱས་དབང་དྲག་གི་ལས་སྦྱོར་དམག་བཟློག་མཛད་ཅིང་། རིག་འཛིན་འཇིགས་མེད་གླིང་བས་མཛད་པའི་ཆོས་སྐྱོང་ཕྲིན་བཅོལ་གྱི་ལས་རིམ་མང་པོའི་སྐབས་སུ་ཡང་དངོས་ཤུགས་བརྒྱུད་ནས་མཐའ་དམག་བཟློག་པའི་འཕྲིན་བཅོལ་དང་ལས་སྦྱོར་སྣ་ཚོགས་བཞུགས་ཡོད། རིག་འཛིན་འཇིགས་མེད་གླིང་པ་ནི་ཆབ་སྲིད་ཀྱི་ལས་སྣེ་གང་ཡང་མེད་པར་ཆོས་ལུགས་དང་རིག་གཞུང་གི་ཕྱགལ་ས་རྐྱང་པ་གནང་མཁན་ཞིག་རེད། གནད་དོན་འདིས་བོད་ཀྱི་མི་སེར་དཀྱུས་མའི་བསམ་བློ་དང་ལངས་ཕྱོགས་མཚོན་ནུས་པ་མ་ཟད། སྐབས་དེའི་བོད་ཀྱི་ཤེས་ཡོན་ཅན་ཚོས་བོད་ཀྱི་ཆབ་སྲིད་གནས་སྟངས་ཆག་འཇིག་ལ་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་པ་བསྟན་ཡོད། ཁྱད་པར་དུ་མངའ་གསོལ་འདི་ནི་བོད་གཞུང་གི་མདའ་དཔོན་ཕ་ལྷ་བས་བསྐུལ་མ་ཞུས་པའི་ངོར་མཛད་པ་ཞིག་ཡིན་སྟབས་བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་དུ་ཡང་ཕུགས་ཀྱི་ལངས་ཕྱོགས་དང་སེམས་ཁོངས་ཀྱི་རེ་འདུན་གང་ཞིག་ཡོད་པ་བསྟན་ཡོད། ཆོས་སྐྱོང་གིས་མི་རིགས་ཤིག་གི་མདུན་ལམ་སྐྱོབ་དང་མི་སྐྱོབ་ཅེས་པ་དེ་ནི་གནད་དོན་གཞན་ཞིག་རེད། ཡིན་ན་ཡང་ཆོས་སྐྱོང་མངའ་གསོལ་འདི་དག་ཀྱང་སྐབས་དེའི་བོད་ཀྱི་མི་སེར་ཚོའི་ལངས་ཕྱོགས་དང་ལྷག་པར་ཡང་ཆབ་སྲིད་ཀྱི་ལས་སྣེ་དང་འབྲེལ་བ་མེད་པའི་ཤེས་ཡོན་ཅན་གྱི་སྡེའི་ལངས་ཕྱོགས་དང་ཡིད་སྨོན་གང་འདྲ་ཞིག་ཡིན་པ་གསལ་བར་མཐོང་བའི་རྒྱང་ཤེལ་ལྟ་བུ་ཞིག་ཏུ་གྱུར་འདུག
སྙིང་ཐིག་གླེང་སྟེགས་རྩོམ་སྒྲིག་པས།
འདི་གའི་ཡིག་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་བརྐུ་བཤུ་བརྒྱུད་འགོད་མ་བྱེད་རོགས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།