སྟོན་པ་མོ་ཧ་མད་སྐུ་འདས་ཉིན།

རྡོ་རྗེ་ཚེ་སྲུང་གིས་བརྩམས།
དེ་རིང་ནི་ཕྱི་ཟླ་༦པའི་ཚེས་༨རེད། ཡེ་ཤུའི་འདས་ལོ་༦༣༢ལོའི་ཟླ་ཚེས་འདིའི་ཉིན་ལ་འཛམ་གླིང་ལ་ཆེས་ཤུགས་རྐྱེན་ཟབ་པའི་ཨི་ཟི་ལམ་མམ་ཁ་ཆེའི་ཆོས་ལུགས་ཀྱི་སྟོན་པ་མོ་ཧ་མད་སྐུ་འདས་པ་རེད།
སྟོན་པའམ་ལྷའི་ཕོ་ཉ་མོ་ཧ་མད་ནི་ཨ་རབ་ཀྱི་གྲོང་ཁྱེར་མེ་ཁར་རིགས་མཐོན་པོའི་རྒྱུད་ལས་འཁྲུངས། ལོ་ཉེར་ལྔར་སོན་སྐབས་ཡུག་ས་མ་ཕྱུག་པོ་ཞིག་དང་བཟའ་ཚང་བསྒྲིགས། དེ་ནས་ལོ་བཅོ་ཙམ་གྱི་རིང་ལ་ཚོང་པ་དཀྱུས་མའི་ཚུལ་དུ་གནས། ཡེ་ཤུའི་འདས་ལོ་༦༡༠ནས་མེ་ཁའི་བྱང་ཕྱོགས་ཀྱི་རོ་བོ་ཧི་ར་ཞེས་པའི་ཕུག་པ་ཞིག་ཏུ་ཀུན་བྱེད་ཀུན་ཤེས་ཀུན་གྱི་སྐྱབས་སུ་གྱུར་པའི་ལྷ་ཡི་གསུང་ཐོས་པའི་སྣང་བ་བྱུང་། དེ་ཡང་ལྷ་གྷབ་རིལ་ཞེས་པ་བརྒྱུད་ནས་ཨ་རབ་ཀྱི་ཡུལ་ལ་བདེན་པ་ཉག་གཅིག་གི་ཆོས་ལུགས་སྟོན་དགོས་པའི་བཀའ་ཡི་གནང་བ་དང་ལམ་སྟོན་ཐོབ་པར་ཁས་འཆེས། ཁོང་དང་ཁོང་གི་རྗེས་འཇུག་ཚོས་ཁུར་ཨན་ཞེས་པའི་གསུང་རབ་ཕྱོགས་བསྒྲིགས་མཛད། མོ་ཧ་མད་རང་ཉིད་ནི་འཇུ་ཆོས་ལུགས་དང་ཡེ་ཤུའི་ལུགས་ནས་བཤད་པའི་སྤྲུལ་བའི་སྟོན་པ་ཐེངས་རྗེས་མ་དེ་ཡིན་པའི་ཞལ་བཞེས་མཛད།
ཡེ་ཤུའི་འདས་ལོ་༦༢༢པ་ཙམ་ནས་གྲོང་ཁྱེར་མེ་ཁར་ཁོང་གི་རྗེས་འཇུག་པ་མང་ཙམ་བྱུང་། རྐྱེན་དེས་གྲོང་ཁྱེར་དེའི་དཔོན་རིགས་དང་ཆོས་བྱེད་མི་སྣ་མཐོ་གྲས་ཚོས་སྔར་ཡོད་ཀྱི་ཆོས་ལུགས་ཉམས་དམས་སུ་འགྲོ་བའི་ཞེད་སྣང་སྐྱེས། ཁོང་ལ་དོགས་པ་བྱེད་མཁན་ཚོས་ཁོང་གསོད་པའི་གྲབས་བཤོམ་བྱེད་གྱིན་ཡོད་པ་ཤེས་ཤིང་བྱང་ཕྱོགས་གྱི་གྲོང་ཁྱེར་མེ་ཌི་ན་ཞེས་པར་བྲོས་བྱོལ་དུ་ཕེབས། ཡུལ་དེར་ཁོང་ལ་ཆབ་སྲིད་ཀྱི་གོ་གནས་ཀྱང་ཆེ་ཙམ་ཐོབ་ཅིང་རང་གིས་བསྟན་པའི་ཆོས་ལུགས་གསར་པའི་ལམ་དང་མཐུན་པའི་བཅའ་ཁྲིམས་ཀྱིས་རྒྱལ་ཁམས་སྐྱོང་བའི་ས་ཁུལ་ཞིག་ཏུ་བསྒྱུར། ཡེ་ཤུའི་འདས་ལོ་༦༢༩ལ་དམག་དཔོན་མཛད་ནས་གྲོང་ཁྱེར་མེ་ཁར་དཔུང་འཇུག་བྱས། གྲོང་ཁྱེར་དབང་དུ་བསྡུས་ཤིང་ཆོས་ལུགས་རྙིང་བའི་ལྷ་ཁང་དང་ལྷ་སྐུ་ཚང་མ་ཤུལ་མེད་བཟོས་ནས་སྐུ་དབགས་ལ་ཕྱག་མཆོད་མི་བྱེད་པའི་རང་ཉིད་ཀྱི་ཆོས་ལུགས་གཙང་མ་དར་བར་བྱས།
མོ་ཧ་མད་འདས་ནས་ལོ་བརྒྱ་ཕྲག་གཅིག་ཙམ་གྱི་ནང་ཚུད་དུ་ཁོང་གི་བརྒྱུད་འཛིན་པ་ཚོས་ཨི་ཟི་ལམ་གྱི་ཆོས་ལུགས་དར་སྤེལ་གྱི་དམག་སྣ་ཕྱོགས་མང་པོར་དྲངས་ཤིང་རྒྱལ་ཁ་མང་པོ་བླངས། ཤར་དབུས་ཨེ་ཞི་ཡ་དང་། རྒྱ་གར་གླིང་སྣེ། བྱང་ཨ་ཧྥི་རི་ཁ་སོགས་ཡུལ་གྲུ་མང་པོར་ཨི་ཟི་ལམ་མམ་ཁ་ཆེའི་ཆོས་ལུགས་དར་སྤེལ་བྱས། དེ་རིང་གི་དུས་འདིར་ཨི་ཟི་ལམ་མམ་ཁ་ཆེའི་ཆོས་ལུགས་ནི་འཛམ་གླིང་སྟེང་གི་ཆོས་ལུགས་ཁྱབ་རྒྱ་ཆེ་ཤོས་ཨང་གཉིས་པ་ཡིན།
ཡེ་ཤུའི་འདས་ལོ་༢༠༡༡ལོའི་ཟླ་༦པའི་ཚེས༨ཉིན།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།