བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༎བདག་ཉིད་བླ་མ་རིན་པོ་ཆེ༎མགོན་མེད་བདག་ལ་ཐུགས་རྗེས་གཟིགས༎མ་རིག་འཐིབས་པོས་ནོན་པ་བདག །
འཁོར་ཚེ་ཐོག་མ་མེད་པ་ནས༎ལས་ཉོན་སྒྲིབ་པས་ཟིལ་གྱིས་ནོན༎བླ་མ་བརྙས་ཤིང་སྤུན་ལ་ཁྲོས༎དམ་ཚིག་སྡོམ་པའི་གནས་ཀུན་ཡང་༎ཉེས་སྤྱོད་ཆེན་པོའི་གཡང་སར་ལྟུང་༎མ་འཚལ་བཞིན་དུ་ནོངས་པ་ཀུན༎དེ་རིང་གནོང་འགྱོད་དྲག་པོས་བཤགས༎སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས༎དེ་ལྟའི་སྡིག་ལྟུང་མ་བྱང་བར༎འཇིག་རྟེན་ཕ་རོལ་སོང་གྱུར་ན༎དམྱལ་མེ་བཟོད་དཀས་ངེས་པར་བསྲེག །དེ་ཚེ་བདག་ཉིད་འདོར་ཕོད་དམ༎ཐོག་མཐའ་མེད་པའི་འཁྲུལ་གཞི་ནི༎ལུང་མ་བསྟན་གྱི་ཆོས་ཉིད་ནས༎ཀུན་འབྱུང་མ་རིག་གདོན་ཆེན་དང་༎འགྲོགས་པའི་རང་བཞིན་སྐྱེ་གནས་ཀྱི༎བར་དོར་ཆོས་ལྡན་དལ་འབྱོར་ལུས༎ཐོབ་ནས་བླ་མ་མཉེས་བྱེད་ཅིང་༎ཐོས་བསམ་སྒོམ་པའི་ཤེས་རབ་ལ༎བརྟེན་ནས་ངེས་འབྱུང་བྱང་ཆུབ་སེམས༎ཕྱིན་དྲུག་ལམ་མཆོག་བསྙེན་པར་ཤོག །དུས་ཀྱི་ཉེན་ཏེ་འགྲོ་བ་ལ༎འཆི་ཀའི་བར་དོ་ཞེས་བྱ་སྟེ༎དེ་ཚེ་འཆི་རྐྱེན་ངན་པ་དང་༎གནད་གཅོད་དྲག་པོ་མི་འབྱུང་ཞིང་༎དབྱིངས་དང་རིག་པ་བསྲེ་བ་ཡིས༎འོད་གསལ་སྦུབས་འཇུག་མངོན་གྱུར་ནས༎གདོད་མའི་གཞི་ལ་གྲོལ་བར་ཤོག །གལ་ཏེ་གོམས་པའི་སྟོབས་ཆུང་ན༎སྒོ་བརྒྱད་བཀག་ནས་ཚངས་བུག་དབྱེ༎རྣམ་ཤེས་རླུང་ཞོན་གདམས་པ་ཡིས༎གྲོང་འཕོ་གྲོང་འཇུག་ལ་བརྟེན་ནས༎མཁའ་སྤྱོད་རིག་འཛིན་གནས་ཐོབ་ཤོག །དེ་ལྟར་བྱང་ཆུབ་སེམས་དཔའ་ཡི༎འཕོ་ལུགས་མངོན་དུ་མ་གྱུར་ན༎ས་ལ་ས་ཐིམ་ལྡང་མི་ནུས༎ཆུ་ལ་ཆུ་ཐིམ་ཁ་སྣར་ཆུ༎མེ་ལ་མེ་ཐིམ་ཁ་སྣ་སྐམ༎རླུང་ཐིམ་དབུགས་ངར་ཡན་ལག་ཕྲ༎མིག་སྦྲེན་གྱེན་ལྡོག་དུ་བ་དང་༎སྨིག་སྒྱུ་མེ་ཁྱེར་མར་མེ་འབར༎རླུང་ལྔ་བྲོས་པའི་བྱེད་ལས་ཀྱིས༎ཁྱབ་བྱ་འབྱུང་བའི་ཁམས་ལྔ་དང་༎ཁྱབ་བྱེད་ཡེ་ཤེས་ཐིག་ལེའི་དཔྱིད༎རྒྱབ་གྱེས་ཡུལ་ལྔ་ཡིད་བྱེད་ལ༎ཐིམ་པར་ཕྱོགས་ཚེ་འདི་སྣང་ལ༎ཞེན་ཆགས་གདུང་བ་མི་སྐྱེ་ཞིང་༎བླ་མའི་གདམས་ངག་དྲན་པར་ཤོག །རིག་པ་རྩ་ཐིག་རླུང་གསུམ་གྱི༎ཚོགས་པ་གྱེས་པའི་རྟེན་འབྲེལ་ལས༎ཕྲ་བ་སྣང་མཆེད་ཐོབ་གསུམ་གྱི༎ཐིམ་ཚུལ་དཀར་ཆ་ཐུར་བབ་ཏེ༎སྙིང་སྟོབས་ལས་བྱུང་འདོད་ཆགས་ཀྱི༎རྟོག་པ་འགག་དང་ལྷན་ཅིག་པར༎རྣམ་ཤེས་སྣང་བ་ལ་ཐིམ་པས༎སྟོན་གནམ་ཟླ་འོད་ཀྱིས་སློང་ལྟའི༎དཀར་ལམ་རང་ངོ་ཤེས་པར་ཤོག །དེ་བཞིན་དམར་ཆ་གྱེན་དུ་ལྡོག །རྡུལ་ལས་བྱུང་བའི་ཞེ་སྡང་འགག །སྣང་བ་མཆེད་པ་ལ་ཐིམ་པས༎སྐར་ཁུང་ཉི་ཞུར་ཀྱིས་སློང་ལྟའི༎དམར་ལམ་རང་ངོ་ཤེས་པར་ཤོག །ཁུ་རྡུལ་སྙིང་ཁར་འཕྲད་པ་ལས༎མུན་ཅན་ལས་བྱུང་གཏི་མུག་འགག །མཆེད་པ་ཉེར་ཐོབ་ལ་ཐིམ་པས༎སྟོན་གནམ་སྨག་གིས་སློང་བ་ལྟའི༎ནག་ལམ་ཤར་ནས་བརྒྱལ་བ་ལ༎ཕྱོགས་ཚེ་དྲན་པའི་སྒྲོན་མེ་ཡིས༎ཉེར་ཐོབ་འོད་གསལ་ལ་འདྲེས་ནས༎གདོད་མའི་དབྱིངས་སུ་སངས་རྒྱས་ཤོག །གལ་ཏེ་དྲན་པའི་སྟོབས་ཞན་པས༎བརྒྱལ་ཏེ་སེམས་མེད་སྐབས་གྱུར་ན༎ཀུན་གཞི་ཆོས་དབྱིངས་ལ་སད་ནས༎དྭངས་གསལ་རྟོག་པ་མེད་པ་ཡི༎འཆི་བ་འོད་གསལ་མངོན་གྱུར་ཤོག །དེ་ལྟར་ཆོས་སྐུའི་བསྲེ་བ་ཡིས༎གདོད་མའི་ནང་དབྱིོངས་མ་ཟིན་ན༎ཤིན་ཏུ་ཕྲ་བའི་རླུང་སེམས་ཆེ༎ལུགས་ལྡོག་ཉེ་བར་ཐོབ་པ་ལས༎མཆེད་པའི་སྣང་བ་ཆོས་ཉིད་ཀྱི༎བར་དོ་གཞི་དབྱིངས་ཀ་དག་ཀློང་༎ཁྲེགས་ཆོད་ལྟ་བས་མངོན་གྱུར་ཅིང་༎གཞི་སྣང་ཡིན་ལུགས་འོད་གསལ་ནི༎སྣང་བ་ཐམས་ཅད་འོད་ལྔ་རུ༎ཟ་འོག་བཀྲམ་པ་ལྟར་ཤར་ཚེ༎ཐོད་རྒལ་གོམས་པའི་ཉེ་རྒྱུ་ལས༎རང་སྣང་རང་བཞིན་མེད་པར་ཤེས༎ཆོས་ཉིད་ཅིག་ཆར་ཟད་པར་ཤོག །གལ་ཏེ་འོད་གསལ་ཟུང་འཇུག་ལ༎ཐིམ་ནས་རིགས་བརྒྱའི་སྣང་བ་ཤར༎སྒྲ་ཡིས་འཇིགས་ཤིང་ཟེར་གྱིས་སྔང་༎སྐུ་ཡི་སྣང་བས་སྐྲག་གྱུར་ན༎སེང་གེའི་གསོབ་ལྟར་མཚངས་རིག་ནས༎བག་མི་ཚ་བའི་གདེངས་ཐོབ་ཤོག །བསམ་གཏན་གྱིས་ནི་ཞག་ལྔ་ལ༎རྒྱལ་བ་རིགས་ལྔའི་ཞལ་མཐོང་ཚེ༎སྐུ་དང་རང་འོད་འདྲེས་པ་ཡི༎རིག་པ་འོད་གསལ་ལ་འཇུག་དང་༎སྐུ་ཡང་རང་ལ་ཐིམ་པ་ཡིས༎འོད་གསལ་རིག་པ་ལ་འཇུག་ཚེ༎མ་པང་བུ་འཇུག་ལྟར་གྲོལ་ཤོག །དེ་བཞིན་ཟུང་འཇུག་ཡེ་ཤེས་ལ༎ཐིམ་པས་འོད་སྣང་ཐིག་ལེ་ཅན༎ཡེ་ཤེས་བཞི་སྦྱོར་སྣང་བ་ནི༎རྡོ་རྗེ་སེམས་དཔའི་༼ཁང་སེམ༽་ལམ༎སྣང་ཚེ་རིག་པ་རང་ས་ཟིན༎ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས༎སྐུ་དང་ཡེ་ཤེས་ཐུགས་རྗེ་འོད༎མཐའ་གྲོལ་གཉིས་མེད་དག་མ་དག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྒོ༎བརྒྱད་དུ་ཤར་ཡང་འཁོར་འདས་ཀྱི༎འཇུག་ལྡོག་རིག་པའི་རང་རྩལ་དུ༎ཤར་བ་གཞི་ལས་མ་གཡོས་པའི༎གཞི་སྣང་ཆེན་པོར་ཡིད་ཆེས་ཤོག །དེ་ཡང་བསྐྱེད་རིམ་ལ་གོམས་ན༎རླུང་སེམས་ཙམ་གྱི་ལུས་དེ་ཉིད༎མཚན་དཔེ་རྫོགས་པའི་ཡི་དམ་གྱི༎ལྷ་སྐུར་མངོན་བྱང་ལྔས་ཆུབ་པ༎བར་དོར་ལོངས་སྐུའི་བསྲེ་བ་ཡིས༎སྒྱུ་མའི་ལྷ་རུ་ལང་བར་ཤོག །གང་ཞིག་མོས་པས་སྤྱོད་རྣམས་ཀྱང་༎རྗེས་དྲན་ལྔ་དང་མངོན་ཤེས་དྲུག །མི་བརྗེད་གཟུངས་ཀྱིས་དབུགས་འབྱིན་ནས༎བླ་མ་དྲན་ནས་རྗེས་འཛིན་ཤོག །ཡི་དམ་དྲན་ནས་ཞལ་མཐོང་ཞིང་༎ལྟ་བ་དང་ནི་བསམ་གཏན་དང་༎སྐྱེ་གནས་མན་ངག་དྲན་པར་ཤོག །དེ་བཞིན་སྔོན་གནས་ཤེས་པ་དང་༎འཆི་འཕོ་དང་ནི་སྐྱེ་བ་ཤེས༎ཕ་རོལ་གྱི་ནི་སེམས་ཤེས་དང་༎སྣང་བ་ལྐོག་གྱུར་ཤེས་པ་དང་༎རིགས་དྲུག་གནས་རིགས་མཐོང་ཞིང་ཤེས༎དབང་པོ་རྣམ་དག་མངོན་ཤེས་དང་༎སྔོན་ཆད་ཐོས་སོ་ཅོག་གིས་མཚོན༎ཆོས་ཀྱི་རྣམ་གྲངས་ཚད་མེད་པ༎རྒྱུད་ལ་འཆར་བའི་མི་བརྗེད་གཟུངས༎ཐོབ་ཚེ་ངེས་པར་གྲོལ་བའི་གནད༎སྟོང་ཉིད་སྤྲོས་བྲལ་ཀ་དག་གི༎རིག་པ་ཅེར་མཐོང་རང་ཐོག་ཏུ༎ངོ་ཤེས་ཐག་ཆོད་གདེངས་ཐོབ་ཤོག །མདོར་ན་ཆོས་ཉིད་བར་མ་དོའི༎རྣམ་པར་དཔྱད་ན་མཐའ་མེད་ཀྱང་༎དཔྱོད་མཁན་ཉིད་ལ་ཚུར་བརྟག་ན༎གང་དུའང་གྲུབ་པ་མེད་པ་ལ༎མེད་དོ་སྙམ་པའང་རང་གྲོལ་བ༎འདི་ནི་གདོད་མའི་གྲོལ་ས་སྟེ༎གཞོན་ནུ་བུམ་པའི་སྐུ་ཐོབ་ནས༎ལྷུན་གྲུབ་རྩལ་ལས་སྤྲུལ་པ་ལས༎འགྲོ་དོན་འཁོར་བ་དོང་སྤྲུགས་ཤོག །གལ་ཏེ་སྲིད་པ་བར་དོ་ལ༎ཁ་འཁྱལ་མིང་བཞི་འདུས་པ་ཅན༎དབང་པོ་ཀུན་ཚང་ཡིད་ཀྱི་ལུས༎ཤི་བར་ངོ་ཤེས་དྲན་པ་གསལ༎རྣམ་གྲོལ་པ་དང་སྐྱེ་གནས་ལ༎ཐོགས་པའི་བྱ་སྒྲོ་རླུང་ཁྱེར་ལྟར༎ལས་རླུང་རྗེས་འགྲོ་ཉམ་ཐག་ཅིང་༎བྲེད་སྔང་ཀྱིས་གདུང་བདུན་ཚན་རེའི༎མཚམས་སུ་འཆི་བའི་སྡུག་བསྔལ་གྱི༎ཚོར་བ་ཉམས་མྱོང་སྐྱེ་གནས་འཚོལ༎དེ་ཚེ་རང་བཞིན་སྤྲུལ་པའི་ཞིང་༎མངོན་པར་དགའ་དང་དཔལ་ལྡན་དང་༎པདྨ་བརྩེགས་དང་ལས་རབ་གྲུབ༎དབུས་ཕྱོགས་མེ་རི་འབར་བ་སྟེ༎རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའིོ༎དག་ཞིང་ཡིད་ལ་གོམས་བྱས་ནས༎གདོན་མི་ཟ་བར་བགྲོད་པར་ཤོག །གལ་ཏེ་རིག་པའི་རྩལ་དབང་གིས༎མ་སྨིན་བདེན་པ་མ་མཐོང་ན༎སོ་སོའི་གནས་རིགས་མངོན་གྱུར་རམ༎དམྱལ་བ་སྡོང་དུམ་ཡི་དྭགས་སུ༎མགོ་བོ་ཐུར་བལྟ་བྱོལ་སོང་ཁྲག །ལྷ་མིན་ཁ་ཆར་མགོ་ཡང་འདྲད༎ལྷ་མི་དཀར་ཞིང་གྱེན་དུ་འགྲེང་༎འདོད་ལྷ་ཡུལ་ལ་དགའ་གདུང་དང་༎གཟུགས་ཁམས་འོད་ལ་གཟུགས་མེད་ནི༎ཅི་ཡང་མེད་པའི་སྟོང་ཕྱད་ལ༎དགའ་གདུང་འཆར་ཞིང་ཁྱད་པར་དུ༎ཕ་མའི་འདུ་འཕྲོད་མཐོང་བའི་ཚེ༎ཆགས་སྡང་བདེན་མེད་སྦྱོང་བའམ༎གསུམ་པའི་དབང་དོན་ཉམས་མྱོང་ཞིང་༎སྐྱེ་གནས་བཞི་ཡི་སྦྱངས་གཞི་དང་༎སྦྱོང་བྱེད་གོམས་པའི་བསྐྱེད་རིམ་གྱིས༎སྔགས་ལ་སྤྱོད་པའི་རྟེན་ཅན་དང་༎སྐྱེ་བ་སྤྲུལ་སྐུའི་བསྲེ་བ་ཡིས༎ཉིང་མཚམས་སྦྱོར་བའི་མཐུ་ཐོབ་ཤོག །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད༎བསྲུང་བྱ་དམ་ཚིག་ཐོབ་བྱ་འབྲས༎རྣམ་པ་བཞི་རུ་བསྲེ་བ་དང་༎སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ༎འཕོ་བའི་གནད་ལ་མ་གོམས་ན༎འབྱུང་བཞི་རླུང་གི་བྱེད་ལས་ཀྱིས༎ཤིན་ཏུ་འཇིགས་པའི་སྒྲ་བཞི་དང་༎དུག་གསུམ་ལས་སྐྱེས་གཅོང་རོང་གསུམ༎བག་ཆགས་ལས་སྐྱེས་གཤེད་མའི་གཟུགས༎མེ་ཆུ་གཅན་གཟན་འཇིགས་པའི་ཚོགས༎དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་༎དགེ་བའི་རམ་ཟླས་དབུགས་འབྱིན་ཤོག །དལ་འབྱོར་ཚང་བའི་ལུས་རྟེན་གྱིས༎མངལ་སྒོ་བཟང་པོ་འདམ་པ་དང་༎སྨོན་ལམ་དག་པས་མཚམས་སྦྱར་ནས༎མཐོ་རིས་ཡོན་ཏན་བདུན་ལྡན་གྱི༎རྟེན་ལ་བླ་མ་མཉེས་བྱས་ནས༎ཚུལ་བཞིན་སྤྱོད་པའི་རང་དབང་དང་༎ཅི་གསུང་བཀའ་བཞིན་བསྒྲུབ་པ་ཡིས༎ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་སོ༎
(གློག་ཡིག་ཏུ་ཕབ་འཇུག་བྱེད་པ་པོའི་ཟུར་གླེང་། ངེད་ཅག་གིས་སྙིང་ཐིག་སྨོན་ལམ་བདུན་པོ་གློག་ཡིག་ཏུ་ཕབ་འཇུག་བྱེད་བཞིན་ཡོད། ཡིན་ན་ཡང་ངེད་ཚོར་མ་དཔེ་གསུམ་ཡོད་པ་དེ་དག་ཕན་ཚུན་བསྡུར་སྐབས་ཅུང་ཟད་ཙམ་རེ་མི་མཐུན་པ་འདུག ད་དུང་མ་དཔེ་གསུམ་པོ་དབུ་མེད་ཡིག་གཟུགས་ལག་བྲིས་མ་ཅུང་ཟད་རྙིང་པ་ཡིན་སྟབས་ཡིག་གཟུགས་མི་གསལ་བ་ལྟ་བུས་རྐྱེན་བྱས་ནས་དག་ཆ་ཁ་ཤས་ལ་དོགས་གཞི་འདུག་མོད་བཅོས་བསྒྱུར་བྱེད་མ་ནུས་པར་བཞག་ཡོད། གལ་སྲིད་ཤིང་དཔར་མ་སོགས་ཡི་གེ་དག་པོ་རེ་ཡོད་ན་དེ་དག་དང་གཤིབ་བསྡུར་བྱ་རོགས། ཅེས་སྙིང་ཐིག་གླེང་སྟེགས་རྩོམ་སྒྲིག་པས།)
ངེད་ཚོས་གློག་ཡིག་ཏུ་ཕབ་འཇུག་བྱས་པའི་ཡིག་ཆ་འདི་ངེད་ཚོའི་ཆོག་མཆན་མེད་པར་པར་བཤུ་བརྒྱུད་འགོད་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།