ཀྱེ་མ་ཀྱེ་ཧུད་རིག་འཛིན་པདྨ་འབྱུང་༎བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས༎བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར༎སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎
ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས༎བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས༎གདོང་དམར་བོད་ཕྲུག་སྤྲེའུ་ཚ་བོ་རྣམས༎འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ༎དོ་ནུབ་ཙམ་ཡང་མི་འཆིའི་གདིང་ནི་མེད༎རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས༎གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེང་༎དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ༎དོན་ཆུང་གཡེང་བའི་ཁོལ་བོར་མི་ཚེ་ཟད༎དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན༎ཐོས་བསམ་བསྒོམ་པའི་ན་ཚོད་ཆེ་ཆེར་རྒུད༎ཕར་ཕྱིན་དྲུག་གི་འདྲེན་བྱེད་ཅེ་རེ་ལོང་༎འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང་༎རྣམ་པར་དཔྱད་ན་ཆོས་བརྒྱད་ཟོལ་དང་འདྲེས༎མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ །བར་དོར་དམྱལ་ཐག་ཆོད་དུས་སུ་ལ་རེ༎ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན༎ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས༎ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད༎ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས༎འདེགས་བྱེད་རླུང་བྲོས་ངར་སྐད་ཅན་གྱིས་རོས༎ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ༎གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་༎མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག །ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ༎འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང་༎མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས༎ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ༎འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས༎སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར༎དམར་ལམ་འཆར་ཞིང་དམར་ཆ་སྙིང་གར་ལྡོག །དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས༎སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར༎དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས༎དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས༎སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར༎ནག་ལམ་འཆར་ཞིང་ཀུན་གཞིའི་ངང་དུ་བརྒྱལ༎སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས༎ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར༎གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན༎སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས༎དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས༎ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ༎ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས༎གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས༎ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་༎སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །གལ་ཏེ་བར་དོ་དང་པོར་མ་གྲོལ་ན༎དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས༎སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས༎ཐིམ་ལུགས་བརྒྱད་ཀྱི་སྣང་བར་འཆར་བའི་ཚེ༎ཆོས་ཉིད་བར་དོར་རང་སྣང་ངོ་ཤེས་ནས༎མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་དངང༎སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན༎ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས༎འཁྲུལ་བ་རྨི་ལམ་སད་པའི་ཆ་ཙམ་ལས༎རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས༎བརྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན༎འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེ་མཐུས༎ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ༎གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང་༎རིགས་ལྔའི་གདུང་དང་ཞི་ཁྲོའི་སྣང་བརྙན་སོགས༎ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག །རིག་འཛིན་བདག་གིས་ལྷག་བསམ་རྣམ་དག་དང་༎ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི༎བདེན་པའི་མཐུ་ཡིས་ཁམས་གསུམ་ཡིད་ཅན་ཀུན༎སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར༎ཚོམ་བུ་གཅིག་ཏུ་ཕྱམ་ཅིག་གྲོལ་བར་ཤོག །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པ་བསྟེན་པའི་སྐབས་སྔ་ཞོག་ཞིག་གི་ཆ་ན་མིག་ལམ་དུ་ཧས་པོ་རི་མཐོང་བའི་རྐྱེན་བྱས་སྣང་བ་ལ། ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱིས་ཞབས་ཀྱིས་བཅགས། །ལྷ་འདྲེ་བཏུལ། སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་རྒྱ་ཆེར་སྣང་མོད། །དེ་དག་ཐམས་ཅད་ད་ལྟ་མིང་ཙམ་ལས་མེད། འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས། རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་འཚོ་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས། ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་པ་ཞིག་བྱུང་བས་རྐྱེན་བྱས། དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་དུ་བགྱིས་ཆོག་པའི་སྨོན་ལམ་འདི་ཡང་བྱ་བྲལ་བ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ།། །།
(གློག་ཡིག་ཏུ་ཕབ་འཇུག་བྱེད་པ་པོའི་ཟུར་གླེང་། ངེད་ཅག་གིས་སྙིང་ཐིག་སྨོན་ལམ་བདུན་པོ་གློག་ཡིག་ཏུ་ཕབ་འཇུག་བྱེད་བཞིན་ཡོད། ཡིན་ན་ཡང་ངེད་ཚོར་མ་དཔེ་གསུམ་ཡོད་པ་དེ་དག་ཕན་ཚུན་བསྡུར་སྐབས་ཅུང་ཟད་ཙམ་རེ་མི་མཐུན་པ་འདུག ད་དུང་མ་དཔེ་གསུམ་པོ་དབུ་མེད་ཡིག་གཟུགས་ལག་བྲིས་མ་ཅུང་ཟད་རྙིང་པ་ཡིན་སྟབས་ཡིག་གཟུགས་མི་གསལ་བ་ལྟ་བུས་རྐྱེན་བྱས་ནས་དག་ཆ་ཁ་ཤས་ལ་དོགས་གཞི་འདུག་མོད་བཅོས་བསྒྱུར་བྱེད་མ་ནུས་པར་བཞག་ཡོད། གལ་སྲིད་ཤིང་དཔར་མ་སོགས་ཡི་གེ་དག་པོ་རེ་ཡོད་ན་དེ་དག་དང་གཤིབ་བསྡུར་བྱ་རོགས། ཅེས་སྙིང་ཐིག་གླེང་སྟེགས་རྩོམ་སྒྲིག་པས།)
ངེད་ཚོས་གློག་ཡིག་ཏུ་ཕབ་འཇུག་བྱས་པའི་ཡིག་ཆ་འདི་ངེད་ཚོའི་ཆོག་མཆན་མེད་པར་པར་བཤུ་བརྒྱུད་འགོད་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།