རྡོ་རྗེ་ཚེ་སྲུང་གིས།
བདུད་འཇོམས་པའི་སྔ་འགྱུར་ཆོས་འབྱུང་གི་གོ་རིམ་དང་ས་བཅད་དབྱེ་སྟངས་འདི་ངའི་བློ་ངོར་དེ་ཙམ་བདེ་བོ་ཞིག་བྱུང་མ་སོང་། དེ་ཡང་ཆོས་འབྱུང་ཆེན་མོ་འདིའི་འཆད་བྱ་གཙོ་བོ་དེ་དུམ་ཚན་གསུམ་གྱི་ནང་དུ་བསྡུས་འདུག
དེ་ཡང་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ལུགས་དང་། མདོ་སྒྱུ་སེམས་གསུམ་སྟེ་བཀའ་མའི་བབ་ལུགས། གཏེར་དང་གཏེར་སྟོན་བྱུང་ཚུལ་བཅས་རེད། དེ་ཡང་ཐོག་མར་ནང་རྒྱུད་སྡེ་གསུམ་དང་མདོ་སྒྱུ་སེམས་གསུམ་ཞེས་ལོགས་སུ་བཤད་དགོས་དོན་མེད་པ་ཞིག་དང་དེའི་བརྒྱུད་པ་ཞེས་གཉིས་སུ་དབྱེ་ནས་བཤད་པ་དེར་དགོས་དོན་མ་མཐོང་། དེ་ལས་ཀྱང་བཀའ་གཏེར་གཉིས་ཆོས་ཀྱི་འབྱུང་སྟངས་ཀྱི་ཁྱད་པར་ཡིན་ན་ཡང་གང་ཟག་གི་སྟེང་ནས་དབྱེ་ཐུབ་པ་ཞིག་ཁག་པོ་འདུག གཏེར་ཆེན་རཏྣ་གླིང་པ་དང་། སྨིན་གླིང་གཏེར་ཆེན། རིག་འཛིན་འཇིགས་མེད་གླིང་པ་སོགས་གཏེར་སྟོན་ཡིན་ན་ཡང་བཀའ་མ་འཚོལ་སྡུད་དང་ཕྱོགས་བསྒྲིགས་སོགས་ཀྱི་ཐད་ལ་ཡང་བྱས་རྗེས་ཆེན་པོ་ཡིན་སྟབས་བཀའ་མའི་ལོ་རྒྱུས་ཀྱི་སྐབས་སུ་མི་བཤད་ཐབས་མེད་ཡིན་སྟབས་གཏེར་སྟོན་ཟེར་བའི་ཕྱོགས་སུ་གཅོད་རྐྱང་བྱེད་པར་དགོས་པ་དང་ནུས་པ་མི་འདུག
དེ་ཡང་མདོ་ཐོག་མར་མདོ་སྒྱུ་སེམས་གསུམ་གྱི་བབ་ལུགས་དེ་དེབ་སྔོན་ནང་གི་སྔ་འགྱུར་རྙིང་མའི་ཆོས་འབྱུང་དེ་ལ་ཁ་སྣོན་ཅུང་ཟད་བྱས་པ་ཙམ་ལས་མ་ཁོགས་གཅིག་རྐྱང་རེད། མདོ་སྒྱུ་སེམས་གསུམ་གྱི་བབ་ལུགས་བརྒྱུད་རིམ་ལྟ་བུ་ཞིག་བཤད་ནས་སྨིན་གླིང་སྐུ་མཆེད་བར་དུ་གཏུག་ཚར་བཞིན་དུ་ཡང་བསྐྱར་ཕྱིར་ལོག་གིས་བླ་མ་ཁ་ཤས་ཤིག་གི་རྣམ་ཐར་བཤད་འདུག དུས་ཚོད་ཀྱི་གོ་རིམ་བསྒྲིགས་ནས་བཤད་མེད་པ་གང་ཞིག་ལ་གདམས་ངག་གི་བརྒྱུད་རིམ་དེད་ནས་ཀྱང་ཆེར་བཤད་ཐུབ་མི་འདུག རྒྱུ་མཚན་གཞན་ཞིག་ལ་བརྟེན་ནས་བཤད་པའི་གསལ་ཁ་ཡང་མི་འདུག
ཆོས་འབྱུང་འདིའི་གོ་རིམ་དང་ནང་གསེས་བློ་ངོར་ངེས་དཀའ་བའི་སྐྱོན་གཅིག་ནི་གཏེར་དང་གཏེར་སྟོན་གྱི་ལེ་ཚན་ཆེན་པོ་ཞིག་ལོགས་སུ་བཤད་པ་དེ་རེད། དེ་ནི་གཏེར་ལ་གདམས་ངག་གི་བརྒྱུད་པ་ཟེར་ནས་བཤད་མི་དགོས་སྟབས་གཏེར་སྟོན་ཕལ་མོ་ཆེའི་ལོ་རྒྱུས་དེ་གང་བྱུང་དུམ་ཆོད་ཀྱིས་བཅུག་པ་ཞིག་ལས་གོ་རིམ་འདི་རེད་ཟེར་བ་དང་། བླ་མ་འདི་བཀའ་གཏེར་གྱི་བབ་ལུགས་གཉིས་ཀྱི་ནང་ནས་གཏེར་སྟོན་གྱི་ཁོངས་སུ་འཇོག་དགོས་པའི་རྒྱུ་མཚན་འདི་རེད་ཟེར་བ་ཞིག་མི་འདུག ལྷག་པར་ཡང་རྒྱས་བསྡུས་སྙོམ་མ་ཐུབ་པའི་གནད་གཅིག་ནི་མཛད་རྗེས་དང་མཚན་སྙན་ལ་ཁྱད་པར་ཆེར་མེད་ཀྱང་བླ་མ་ཁ་ཤས་ཤིག་གི་ལོ་རྒྱུས་ཤོག་ལྡེབ་བཞི་ལྔ་རེ་བྲིས་ཡོད་པ་ལ་བླ་མ་ཁ་ཤས་རེའི་ལོ་རྒྱུས་ཚིག་གཅིག་ཕར་ཞོག་མཚན་ཙམ་ཡང་ཐེབས་ལ་མ་ཐེབས་པ་རེ་ལས་མི་འདུག ལྷག་པར་ཡང་གཏེར་སྟོན་ཉི་ཤུ་རྩ་གྲངས་ཤིག་གི་ལོ་རྒྱུས་དེ་རིན་ཆེན་གཏེར་མཛོད་ཀྱི་དབུར་ཡོད་པའི་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་བཏུས་ཤིང་དེའི་སྟེང་དུ་མཁྱེན་ཀོང་རྣམ་གཉིས་དང་འཇུ་མི་ཕམ་པ་བསྣན་པ་ཙམ་རེད། གཏེར་སྟོན་ཉི་ཤུ་རྩ་གྲངས་དེའི་རྣམ་ཐར་དེ་ཆོས་འབྱུང་སྤྱི་ཁོག་གི་རྒྱས་བསྡུས་དང་བསྡུར་ན་རྒྱས་དྲགས་ཡོད་པ་ལྟ་བུ་ཞིག་རེད། མཚམས་རེ་ལ་རྒྱས་དྲགས་ནས་གུ་རུ་ཆོས་དབང་གི་རྣམ་ཐར་ཤོག་ལྷེ་དྲུག་ཙམ་ཡོད་པ་དང་། མཚམས་རེར་བསྡུས་དྲགས་ནས་ཆོས་འབྱུང་གི་མཇུག་ཏུ་ཡོད་པའི་ལོ་ཚིགས་སྐབས་སུ་མཚན་དངོས་སུ་སྨྲོས་ཡོད་པའི་གཏེར་སྟོན་ལས་རབ་གླིང་པ་དང་། བདུད་འཇོམས་རང་གི་སྐུ་གོང་མ་སྒིས་ལི་གཏེར་སྟོན་སོགས་ཀྱི་རྣམ་ཐར་ཚིག་གཅིག་ཀྱང་ཆོས་འབྱུང་གཞུང་གི་ནང་དུ་མི་འདུག
འདི་ནི་ཕྲན་བུ་རང་ཉིད་ཆོས་འབྱུང་ལྟ་ཀློག་མཁན་ཞིག་གི་ཆ་ནས་རང་ཉིད་ཀྱི་ཚོར་སྣང་སྨྲོས་པ་ཙམ་ལས་དགག་བཞག་སོགས་གང་ཡང་ཡིན། ལྷག་པར་ཡང་རང་ཉིད་ཀྱི་ངོས་ནས་གོ་བ་ལེན་མ་ཐུབ་པའི་སྐྱོན་ཡིན་ཤས་ཆེ་བས་ཆོས་འབྱུང་འདིའི་གོ་རིམ་སྒྲིག་སྟངས་སྐོར་གྱི་དགོས་པ་དང་ཁྱད་ཆོས་སྐོར་ལ་གསལ་བཤད་ཡག་པོ་རེ་བྱེད་མཁན་རྙེད་ན་དགའ་མགུ་རང་བའི་བློ་བཅོས་མིན་སྐྱེད་པར་ནུས་པ་ཀུན་གྱི་ཐུགས་ལ་འཇོག་པར་ཞུ།
འདི་གའི་རྒྱུ་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་བཤུ་སྤེལ་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།