ཁར་སང་ཚེས་དགུ་སྟེ་གཟའ་ལྷག་པའི་ཉིན་མོར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མའེ་སོར་དུ་གླང་ཆེན་གྱིས་མི་བསད་པའི་རྐྱེན་ངན་ཞིག་བྱུང་སོང་།
དེ་ཡང་ནགས་ན་གནས་པའི་གླང་ཆེན་ཕོ་གཉིས་གྲོང་ཁྱེར་ནང་གི་མི་ཚོགས་ཀྱི་འདུ་འཛི་ཆེ་ས་སྨྱུག་མའི་ཚོང་བརྡལ་ཟེར་བ་དེར་གློ་བུར་དུ་བརྒྱུགས་ནས་གཏོར་བཤིག་དང་རྒོལ་རྡུང་སྣ་ཚོགས་བྱས། གླང་ཆེན་གཅིག་གིས་ཐ་ན་སྲང་ལམ་ན་རྒྱུ་བའི་བ་གླང་ཞིག་ཀྱང་གཙེས། སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་ལོ་ལྔ་བཅུ་ང་ལྔ་ལ་སོན་པའི་སྐྱེས་པ་ཞིག་གླང་ཆེན་གྱིས་སྣ་ཞགས་ཀྱིས་བརྡུངས་ཤིང་བརྡེགས་པ་དང་རྐང་པས་བརྫི་བ་སོགས་ཉམ་ང་ཞིང་འཇིགས་སུ་རུང་བའི་དྲག་སྤྱོད་ཀྱིས་བསད། ཐ་མ་སེམས་ཅན་གླིང་ཁའི་ལས་བྱེད་པ་དང་། ནགས་ཚལ་སྲུང་སྐྱོབ་ལས་བྱེད་པ་ཚོས་སེམས་ཅན་དེ་གཉིས་གྲོང་ཁྱེར་ནས་ཕྱིར་འབུད་ཀྱིས་ནགས་གསེབ་དུ་གཏོང་ཐུབ་པ་རེད། རྐྱེན་ངན་དེ་བྱུང་རྗེས་སུ་ས་གནས་དེའི་སློབ་ཆུང་དང་སློབ་ཆེན་ཚང་མ་ཉིན་གཅིག་གི་རིང་སྒོ་བརྒྱབས། རྒྱ་གར་ཡུལ་ཡོངས་སུ་རི་ན་གནས་པའི་གླང་ཆེན་ཁྲི་གཉིས་ལྷག་ཙམ་ཡོད་ཅིང་སྲིད་གཞུང་གིས་གླང་ཆེན་ཡང་སྟག་དང་མཚུངས་པར་སྲུང་སྐྱོབ་བྱེད་པའི་ཁྲིམས་བཏོད་ཡོད་པ་རེད།
སྙིང་ཐིག་གླེང་སྟེགས་དོ་དམ་པས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།