རྣམ་ཀུན་མཆོག་ལྡན་ཆོས་སྐུའི་མཁའ་དབྱིངས་ལ༎ཡན་ལག་བདུན་ལྡན་ལོངས་སྐུའི་ཉ་རྒྱས་དལ༎གདུལ་བྱའི་ཚོགས་ལ་བསམ་ཡས་སྤྲུལ་སྐུའི་ཚུལ༎སྒྱུ་འཕྲུལ་དྲྭ་བར་བསྒྱུར་ལ་གསོལ་བ་འདེབས༎
ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ༎ ཡང་དག་ཐུགས་ཀྱི་གསང་མཛོད་སྒོ་ཕྱེས་ནས༎གྲུབ་བརྙེས་ཡིད་བཞིན་གཏེར་ལ་དབང་བསྒྱུར་བ༎སློབ་དཔོན་ཧཱུྃ་ཀ་ར་ལ་གསོལ་བ་འདེབས༎ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དུ༎འཇམ་དཔལ་སྐུ་ཡི་ས་བོན་ལེགས་བཏབ་ནས༎རྡོ་རྗེ་བཞི་ཡི་འབྲས་བུ་ཡོངས་སྨིན་པ༎འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས༎ནུབ་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ༎པདྨ་གསུང་གི་ཆུ་གཏེར་རབ་བརྒལ་ནས༎ཇི་ལྟ་ཇི་སྙེད་མཁྱེན་པའི་ནོར་ཐོབ་པ༎ཀླུ་སྒྲུབ་སྙིངཔོའི་ཞབས་ལ་གསོལ་བ་འདེབས༎བྱང་ཕྱོགས་ལང་ཀ་བརྩེགས་པའི་དུར་ཁྲོད་དུ༎ཕུར་པ་འཕྲིན་ལས་རྡོ་རྗེའི་མཚོན་བརྡུང་པས༎སྲིད་གསུམ་ཡོངས་སུ་བསྒྲལ་བའི་མཐུ་ཐོབ་པ༎པྲ་ཆེན་ཧསྟིའི་ཞབས་ལ་གསོལ་བ་འདེབས༎ཤར་ལྷོ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ༎རྦོད་གཏོང་མ་མོའི་དགའ་མར་རྟག་རོལ་བས༎ཟག་མེད་བདེ་ཆེན་ལང་ཚོ་རབ་རྒྱས་པ༎དྷ་ན་སཾ་ཀྲིའི་ཞབས་ལ་གསོལ་བ་འདེབས༎ལྷོ་ནུབ་གསང་ཆེན་རོལ་པའི་དུར་ཁྲོད་དུ༎ཡོན་ཏན་བདུད་རྩིའི་བཅུད་ལ་ལོངས་སྤྱོད་པས༎འཕོ་མེད་འཇའ་ལུས་མཆོག་གི་སྐུར་བཞེངས་པ༎བཱི་མ་མི་ཏྲའི་ཞབས་ལ་གསོལ་བ་འདེབས༎ནུབ་བྱང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༎འཇིག་རྟེན་མཆོད་བསྟོད་དཔུང་ཚོགས་རབ་བརྔན་པས༎མ་རུང་བདུད་སྡེའི་གཡུལ་ངོ་ཕམ་བྱེད་པ༎རོམ་བུ་གུ་ཧྱའི་ཞབས་ལ་གསོལ་བ་འདེབས༎བྱང་ཤར་འཇིག་རྟེན་བརྩེགས་པའི་དུར་ཁྲོད་དུ༎དྲག་སྔགས་དམོད་པའི་མེ་དཔུང་རབ་སྦར་བས༎ཕས་རྒོལ་རྩི་ཤིང་བསྲེགས་པའི་མཐུ་ཐོབ་པ༎ཤིནྟ་གྷརྦྷའི་ཞབས་ལ་གསོལ་བ་འདེབས༎སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ༎སྒྲུབ་སྡེ་བརྒྱད་ལ་མངོན་པར་བྱང་ཆུབ་པས༎རིག་འཛིན་རྣམ་བཞིའི་གོ་འཕང་མཆོག་བརྙེས་པ༎ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༎དེ་ལྟར་གསོལ་བ་བཏབ་པས་རྒྱལ་རྣམས་ཀྱི༎མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན༎བདག་གིས་ལེགས་ཐོབ་རྡོ་རྗེའི་སྐུར་སྨིན་ཏེ༎མ་ལུས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །དེ་ལྟར་འཕགས་ཡུལ་རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་འདི་ཉིད་རི་བོ་དགའ་ལྡན་པའི་རབ་འབྱམས་པ་དོན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ཐོབ་ནས་ཐེ་ཚོམ་གྱི་གེགས་སུ་མ་ཞུགས་པའི་ཕྱིར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་བྱས་བས་ཐོལ་བྱུང་དུ་ཤར་བ་ཡིད་ཆེས་ཐོབ་ནས་བྱང་ཕྱོགས་མཚོ་སྔོན་མོ་རུ་སྤེལ་བའི་དགེ་བས་འབྲེལ་ཐོབ་ཀྱི་རྒྱུད་ལ་བྱིན་རླབས་འཇུག་པའི་རྒྱུར་ཅིག །དགེའོ། དགེའོ། དགེའོ། སརྦ་མངྒ་ལཾ།སྙིང་ཐིག་གླེང་སྟེགས་དྲ་བའི་དོ་དམ་པས་གླིག་ཡིག་ཏུ་འགོད་འཇུག་བྱས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།