རྡོ་རྗེ་ཚེ་སྲུང་གིས།
ཉི་མ་ཤར་ནས་ཆུ་ཚོད་གཅིག་ཡས་མས་ནས་སྨུག་སྤྲིན་ཡོངས་རྫོགས་རིམ་གྱི་ཡལ། ང་བལ་ཡུལ་སྣེ་ལེན་ཁང་གི་སྒོར་འབུད་དུས་ད་དུང་ཡང་སྨུག་སྤྲིན་དུམ་བུ་ཆེ་ཆུང་ཁ་ཤས་ཤིག་གྲོང་ཁྱེར་གྱི་ནུབ་བྱང་དུ་འགྲེངས་བའི་ཀླུ་སྒྲུབ་རི་བོའི་ངོས་སུ་ཡར་བསྐྱོད་ཀྱིན་མཆིས། ང་གྲོང་ཁྱེར་དཀྱིལ་དུ་འགྲོ་བའི་རྐང་གསུམ་གླ་འཁོར་ཞིག་ལ་ཞུགས་ནས་ཕྱིན། གྲོང་ཁྱེར་འདིའི་སྲང་ལམ་ཡོད་ཚད་ཐལ་རྡུལ་རིམ་པ་གཅིག་གིས་བཀབ་འདུག
གྲོང་ཁྱེར་དཀྱིལ་གྱི་འགྲུལ་འཁོར་འབབ་ཚུགས་སུ་ངས་ཕར་ཕིང་ངམ་ཡང་ལེ་ཤོད་དུ་འགྲོ་བའི་འགྲུལ་འཁོར་རྙེད་བྱུང་བས་ཡིད་ལྷོད་ལ་བབ་ནས་འགྲུལ་འཁོར་དུ་འཛུལ། འགྲུལ་བཞུད་པ་རྣམས་ཀྱི་ཚིལ་དྲེགས་དང་རྡོ་སྣུམ་གྱི་དྲི་མ་རྣོན་པོ་ཞིག་གིས་དབུགས་འབྱིན་རྔུབ་ལ་ཡང་འཚེར་སྣང་སྐྱེད་པར་བྱེད་པའི་འགྲུལ་འཁོར་རིང་པོ་དེ་ཉིན་གུང་ཞིག་ལ་ཡང་ལེ་ཤོད་ཅེས་པའི་གྲོང་གསེབ་དེར་འབྱོར། ང་འདིར་ཡོང་དོན་ནི་ཡང་ལེ་ཤོད་ལ་འཁྱམས་ཉུལ་ཞིག་དང་ས་འདིར་གཏན་བཞུགས་གནང་བཞིན་པའི་མཁན་པོ་རྣམ་གྲོལ་ལ་མཇལ་ཆེད་ཙམ་ཡིན། ངས་མཁན་པོ་རྣམ་གྲོལ་མཇལ་ཚར་རྗེས་སུ་རིའི་ཐོད་ངོས་སུ་ཆགས་པའི་དགོན་པ་དང་ཕུག་པ་སོགས་སུ་སོང་། གནས་འདི་ནས་བྱང་ཕྱོགས་སུ་བརྗིད་ཆགས་ངང་འགྱིང་བའི་གངས་ཀྱི་རི་ཚོགས་རྣམས་གསལ་ལམ་མེར་མཐོང་ཐུབ་པས་མཐོང་སྣང་ལ་ཉམས་འགའ་བའི་སྣང་བ་དྭངས་བསིལ་བསིལ་ཞིག་སྟེར།
རི་ངོས་འདིར་ལྟ་ས་ཡོད་ཚད་བལྟས་ཚར་རྗེས་གྲོད་པ་ལྟོགས་བྱུང་། བླ་མ་རྭ་ལོའི་དགོན་པའི་ཁ་གཏད་ཏག་ཏག་དེར་བོད་པའི་ཟ་ཁང་ཆུང་ཆུང་ཞིག་འདུག བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཅན་གྱི་སྒོ་ཡོལ་ཚིལ་དྲེགས་འཐུག་པོ་ཅན་རྙིང་ཧྲུལ་དེ་བཀྱག་ནས་ནང་དུ་འཛུལ། ཟས་ཁང་དེའི་ནང་དུ་ཅོག་ཙེ་གསུམ་བཞི་ཞིག་ལས་མེད་ཅིང་ཟས་ཁང་ཞིག་གི་གཞི་རྩའི་ཆ་རྐྱེན་ཚང་ཙམ་ཞིག་རེད་འདུག ང་ནང་དུ་སླེབས་མ་ཐག་ཏུ་ཐོག་མར་དོ་སྣང་བྱུང་ས་དེ་ནི་ཟ་ཁང་གཉེར་མཁན་གྱི་མི་དེའི་ཆ་ལུགས་དེ་རེད། ཁོང་ནི་སྐྱེས་པ་ལོ་སུམ་ཅུའི་ནང་དུ་སླེབས་ཟིན་པ་ཞིག་ལ་སྐྲ་རིང་ཐུང་ཨིན་ཅི་གཉིས་ལྷག་ཙམ་བཞག་འདུག སྐྲ་དང་གདོང་གི་སྨ་ར་སོགས་ཚང་མ་ཁྲིམས་མེད་ལུགས་མེད་དུ་བཞག་ཡོད་པར་ལྟ་སྐབས་ཁོང་ནི་ཕྱིའི་ཚུགས་ཀ་དང་བཟོ་ལྟ་ལ་དོ་སྣང་མི་བྱེད་མཁན་ཞིག་ཡིན་པ་ཤེས་ནུས། ལུས་སྟོད་ལ་རས་སྲབ་མོས་བཟོས་པའི་ནང་གྱོན་ཕུ་དུང་མེད་པ་སེར་པོ་ཞིག་གྱོན་འདུག ལུས་སྨད་ལ་གྲྭ་ཆས་ཤམ་ཐབ་ཤིག་གི་འདབ་ཀ་མཐོ་དམན་མི་སྙོམ་པ་པུས་མོའི་འོག་ཏུ་སླེབས་ཙམ་གྱི་འོག་ཏུ་རྗིན་སི་དོར་མ་སྔོ་སྐྱ་ཞིག་གི་རྐང་དུང་ཕྱིར་བསྣར་འདུག རྐང་མགོར་འགྲིག་སོབ་ཀྱི་མཆིལ་ལྷམ་དམར་པོ་ཆ་གཅིག་དྲུད་ནས་འགྲོ་བཞིན་འདུག
དེར་ངས་ཐུག་པ་ཤ་ཡོད་ཅིག་བསྐོལ་རོགས་ལབ། རིམ་གྱིས་ཁོང་གིས་ངའི་ཐུག་པ་གྲ་སྒྲིག་བྱེད་ཞོར་དུ་ངེད་གཉིས་ཀྱིས་གླེང་མོལ་མགོ་ཚུགས། ཐོག་མར་ཁོང་གིས་ངའི་ཕ་ཡུལ་སོགས་དྲིས་བྱུང་། ངས་ཁོང་གིས་ཕ་ཡུལ་དང་གང་ཡིན་སོགས་ཞིབ་པར་དྲིས། ཐ་མ་ངེད་གཉིས་ཀྱི་གླེང་མོལ་དེ་བོད་ནང་གི་མི་དང་ཕྱི་སྡོད་བོད་མིའི་ཆོས་ལུགས་དང་འབྲེལ་བའི་ལྟ་སྤྱོད་གྱི་ཁྱད་པར་ཞིག་གི་སྟེང་དུ་བབ། ཁོང་གིས་ཕྱི་སྡོད་བོད་མིའི་ཁྲོད་ཀྱི་བླ་གྲྭ་ཚོའི་བསམ་སྤྱོད་འཁྱེར་སྟངས་མང་པོ་ཞིག་ལ་སྐྱོན་རྗོད་དང་སེམས་ཕམ་གྱི་རྣམ་འགྱུར་སྟོན་གྱིན་འདུག མི་དེ་ནི་སྒོ་བྱང་ཡང་མེད་པའི་ཟས་ཁང་ཆུང་ཆུང་འདིའི་བདག་པོ་དང་གཡོག་པོ་གཅིག་ཆོག་སྟེ་ངའི་གྲོགས་པོ་ཀོང་པོ་བླ་མ་རེད།
ཡུན་མི་རིང་བར་ཁོང་གིས་ཐུག་པ་བསྐོལ་ཚར་སོང་། བཙའ་དྲེགས་མི་ལེན་པའི་ལྕགས་ཕོར་ཞིག་གི་ནང་དུ་ཐུག་པ་བླུགས་ནས་ང་བསྡད་ཡོད་སའི་ཅོག་ཙེའི་སྟེང་དུ་བསྐྱལ་བྱུང་། ཐུག་པ་དེ་ཚ་སྒོག་གཡེར་གསུམ་གྱི་བྲོ་བ་སྙོམ་ཞིང་ཤ་ཚིལ་རུས་གསུམ་གྱི་རོ་བཅུད་མངོན་ཡོད་པས་ཧ་ཅང་ཞིམ་པོ་བྱུང་། གཅིག་བྱས་ན་ལྟོགས་པའི་དུས་སུ་ཟས་ལ་བྲོ་བ་ཆེ་བས་ཀྱང་ཡིན་སྲིད། ངས་ཐུག་པ་འཐུང་ཚར་རྗེས་སུ་ཡང་ངེད་གཉིས་ཀྱི་གླེང་མོལ་ད་དུང་མཇུག་མ་དྲིལ་བར་ཡུན་རིང་ཙམ་བསྡད། ངས་ཁོང་གི་ཟས་ཁང་དང་ཁ་འབྲལ་རན་སྐབས་དངུལ་ཁུག་ཕྱིར་བཏོན་ནས་ཐུག་པའི་གོང་ཚད་དྲིས། དེར་ཁོང་གིས་ཁྱོད་བོད་ནས་གསར་དུ་འབྱོར་བ་ཡིན་སྟབས་ཐུག་པ་དེ་ཁྱེད་ལ་དགའ་བསུའི་སྣེ་ལེན་དུ་འབུལ་རྒྱུ་ཡིན་པས་དངུལ་སྤྲོད་མི་དགོས་ཞེས་བརྗོད་བྱུང་། ངས་མཐའ་གཅིག་ཏུ་སྤྲོད་རྒྱུ་ཡིན་ཞེས་ཨུ་ཚུགས་བརྒྱབ། ཐ་མ་ཁོང་ལ་ཁ་ཞེ་གཉིས་མེད་ཀྱིས་དངུལ་ལེན་འདོད་མི་འདུག་པས་ངས་ཐུགས་རྗེ་ཆེ་ཞེས་བརྗོད་ནས་ཕྱིར་ཐོན།
མི་དེ་ནི་ངས་ཧི་མ་ལ་ཡའི་རྒྱལ་ཁབ་བལ་ཡུལ་དུ་མི་ལོ་བཞི་ལ་ཉེ་བའི་སྐྱིད་སྡུག་གི་མི་ཚེ་དུམ་བུ་དེ་མགོ་འཛུགས་སྐབས་སུ་དགའ་བསུ་ཞུ་མཁན་གྱི་གྲོགས་པོ་ཐོག་མ་དེ་རེད། མི་ལོ་བཞི་ལ་ཉེ་བའི་རྗེས་སུ་བལ་ཡུལ་དང་ཁ་འབྲལ་བའི་ཉིན་མོ་འགྲུལ་འཁོར་འབབ་ཚུགས་སུ་ཡོང་ནས་དགའ་སྐྱེལ་ཞུ་མཁན་གྱི་གྲོགས་པོ་ཐ་མ་དེ་ཡང་རེད། ཁོང་གི་བསམ་བློ་གཏོང་སྟངས་དང་སྤྱོད་ལམ་འཁྱེར་སྟངས་ཀྱི་ཆ་ལ་ངས་མོས་མཐུན་བྱེད་ཐུབ་པ་བརྒྱ་དང་མི་ཐུབ་པ་སྟོང་ཡོད་མིན་ལ་མ་ལྟོས་པར་ཁོང་ནི་ངའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པའི་བསམ་པ་ལ་འགྱུར་བ་ནམ་ཡང་འགྲོ་མ་མྱོང་།
༢༠༡༠ལོའི་ཟླ་༨པའི་ཚེས་༢༦ཉིན་བྲིས།
འདི་གའི་རྒྱུ་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་བཤུ་སྤེལ་མ་བྱེད་རོགས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།