རྡོ་རྗེ་ཚེ་སྲུང་གིས་བསྡུ་བསྒྲིགས་བྱས།
རྡོ་གྲུབ་ཆེན་རིན་པོ་ཆེ་དབུས་སུ་ཕེབས་ཐེངས་རྗེས་མ་ལས་ཕྱིར་ཁམས་སུ་ཕེབས་རྗེས་སུ་ཡེ་ཤུའི་འདས་ལོ་༡༧༩༣ལ་སྡེ་དགེ་རྒྱལ་མོ་ཚེ་དབང་ལྷ་མོ་དང་རྒྱལ་སྲས་ཚེ་དབང་རིག་འཛིན་རྡོ་རྗེས་གདན་འདྲེན་ཞུས་པ་བཞིན་སྡེ་དགེ་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཕེབས།
ཀློང་ཆེན་སྙིང་ཐིག་གི་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ཚུལ་དེ་རིག་འཛིན་འཇིགས་མེད་གླིང་པས་གསན་པས་ཐུགས་དགྱེས་ཚོར་ཆེན་པོ་གནང་།དེ་ཡང་རང་རྣམ་ལས་འདི་ལྟར་གསུངས་ཡོད། རྡོ་བླས་ཁམས་སུ་ཀློང་ཆེན་སྙིང་ཐིག་གཙོ་བོར་གྱུར་པའི་ཆོས་ཁྲིད་ཐེངས་གསུམ་ལ་གནང་འདུག ཐེངས་དང་པོ་ལ་ཆོས་ཞུ་བ་སྟོང་ཕྲག་གཉིས། ཐེངས་གཉིས་པ་ལ་སྟོང་ཕྲག་གསུམ། ཐེངས་གསུམ་པ་ལ་སྟོང་ཕྲག་ལྔ་འཛོམ་འདུག སྐབས་དེར་ཁྱིམ་པ་ཧ་ཅང་མང་པོས་རྔོན་མི་བྱེད་པའི་དམ་བཅའ་ཕུལ་འདུག་པས་སྲོག་ཆགས་དུད་འགྲོ་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བསྩལ་བ་དེས་ང་ལ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ང་དབེན་གནས་འའདིར་བསྡད་ནས་གྲུབ་འབྲས་ཆུང་ངུ་ཞིག་བསྐྲུན་ཐུབ་པ་དང་བྱང་ཆུབ་ཀྱི་སྤྱོད་པ་སྤེལ་ནུས་པ་འདི་ནི་ལུང་བྱང་ལས་གསུང་པ་མངོན་དུ་གྱུར་པ་ཡིན་ཚུལ་གསུང་འདུགལོ་དེར་སྡེ་དགེ་རྒྱལ་པོ་ཚང་གིས་སྦྱིན་བདག་དང་རེ་སྐུལ་ཞུས་པ་བཞིན་རྫ་ཆུ་ཁའི་དགེ་རྩེ་སྟོད་དུ་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་ཞེས་པའི་དགོན་པ་འདེབས་པའི་རྨང་བཏིང་། ཡིན་ན་ཡང་རྡོ་གྲུབ་ཆེན་རིན་པོ་ཆེར་སྔར་ནས་རྒྱ་ནག་རི་བོ་རྩེ་ལྔར་བསྙེན་སྒྲུབ་ལ་ཕེབས་པའི་དགོངས་བཞེད་ཟབ་མོ་ཞིག་ཡོད་སྟབས་སྡེ་དགེ་རྒྱལ་ཁང་གི་མཆོད་གནས་སུ་ཡུན་རིང་ཞིག་བཞུགས་པར་ཞལ་བཞེས་མ་གནང་བར་ཞལ་གྱེས། དེ་ཡང་ལོ་དེར་མདོ་སྨད་ཀྱི་བྲག་དཀར་སྤྲེལ་རྫོང་དུ་དགུན་གཅིག་རིང་སྐུ་མཚམས་ལ་བཞུགས། སྒོ་མེ་ཆོས་རྗེ་རིན་པོ་ཆེ་སོགས་ལ་ཀློང་ཆེན་སྙིང་ཐིག་གི་ཁྲིད་རྒྱུན་འབུལ་གནང་དང་ཚུར་ཡང་སྒོ་མེ་ཆོས་རྗེ་རིན་པོ་ཆེ་ལས་གསུང་ཆོས་གསན་བཞེས་གནང་།
ཁོང་གིས་མཚོ་སྔོན་པོའི་ཤར་ལྷོའི་རྒྱུད་ཀྱི་བོད་སོག་གི་ཚོ་སྡེ་མང་པོར་ཆོས་ཁྲིད་མང་དུ་གནང་། ཆུ་མེད་སར་ཆུ་བཏོན་པ་སོགས་གྲུབ་རྟགས་ཆེ་བའི་གྲགས་པ་ཡང་བྱུང་། མཚོ་སྔོན་པོའི་རྒྱུད་ཀྱི་སོག་པོ་ཚོའི་ཁྲོད་དུ་ཧར་ཧན་ཏཱ་ལའི་བླ་མ་ཞེས་གྲགས། ཁོང་ལ་དེ་ལྟར་སྐད་གྲགས་བྱུང་རྗེས་སུ་ཡུལ་ཕྱོགས་དེར་གསང་སྔགས་རྙིང་མའི་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས་ཡོད་ཀྱང་ས་ཁུལ་དེར་སྟོབས་ཤུགས་ཆེ་བའི་ཇུ་ནང་ཛ་སག་གིས་རང་གནས་སུ་གདན་དྲངས། ཁོང་ལ་བུ་ཕྲུག་མང་པོ་པོ་ཡོད་ཀྱང་ཚང་མར་འཆི་རྐྱེན་བྱུང་བས་རྐྱེན་ངན་དེ་བཟློག་ཐབས་སུ་རྡོ་གྲུབ་ཆེན་རིན་པོ་ཆེར་སྐྱབས་འཇུག་ཞུས། རྡོ་གྲུབ་ཆེན་གྱིས་བྱིན་བརླབས་སྐྱབས་འོག་ཏུ་བཅུག་པའི་ཉེར་ལེན་ལས་དཔོན་པོ་ལ་སླར་ཡང་བྱིས་པ་ཞིག་བཙས། བྱིས་པ་དེ་ཆུང་ངུའི་དུས་སུ་ནད་ཀྱིས་མནར་ཚབ་ཆེ་བས་མི་ཕལ་མོ་ཆེས་ཡུན་རིང་མི་འཚོ་བར་ཐག་བཅད་ཡོད། ཡིན་ན་ཡང་བྱིས་པ་དེ་རིམ་གྱིས་དྲག་སྐྱེད་བྱུང་ནས་འཚོ་ཐུབ་པ་བྱུང་བས་དེ་ཡང་རྡོ་གྲུབ་ཆེན་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་ནུས་པ་ལ་ཡིད་ཆེས་བྱུང་། ཐོག་མར་བྱིས་པ་དེའི་མིང་ལ་ཡ་མ་ཐར་ཞེས་པ་ཡིན་ཡང་རྗེས་སུ་རིག་འཛིན་དབང་རྒྱལ་ཞེས་བཏགས། རྐྱེན་དེ་ལྟ་བུར་བརྟེན་ཡུལ་ཕྱོགས་དེར་ཡང་ཆོས་ལུགས་རིས་སུ་མ་ཆད་པ་དར་འཕེལ་ལ་གུ་ཡངས་ཀྱི་བག་ཆགས་བཞག
ཡུལ་དེའི་སོག་པོའི་དཔོན་རིགས་ཆིང་དབང་ངག་དབང་དར་རྒྱས་སམ་ཝཾ་རྒྱལ་པོ་དང་ཆོས་རྒྱལ་ངག་གི་དབང་པོར་(1759-1807)གྲགས་པ་དེས་གདན་དྲངས་ཞིང་ཆོས་འབྲེལ་བཞག ཆོས་རྒྱལ་མཆོག་དང་། བཙུན་མོ། དང་གཞན་མི་སྣ་གལ་ཆེན་བཞི་བཅུ་ནས་བརྒྱ་ཕྲག་བརྒལ་བར་ཀློང་ཆེན་སྙིང་ཐིག་དང་། མཁའ་འགྲོ་སྙིང་ཐིག ཡོན་ཏན་རིན་པོ་ཆེའི་མཛོད་སོགས་གསུང་ཆོས་མང་དུ་གནང་། རྡོ་གྲུབ་ཆེན་གྱི་དངོས་སློབ་སྐད་གྲགས་ཆེ་བ་དགོན་ལ་ཁ་བ་འཇིགས་མེད་ནམ་མཁའ་རྒྱལ་མཚན་གྱི་གདན་ས་ལ་སྔགས་པ་སྟོང་དང་དགུ་བརྒྱ་ལས་བརྒལ་བ་འདུས་ཞེས་གྲགས། སོག་པོ་ཨ་ལག་ཤའི་མཁས་པ་སྐད་གྲགས་ཅན་བསྟན་དར་ལྷ་རམས་པས་རྡོ་གྲུབ་ཆེན་རིན་པོ་ཆེའི་དྲུང་ནས་གསུང་ཆོས་ཞུས། ཕྱིས་སུ་ཁོང་གིས་ཡོན་ཏན་རིན་པོ་ཆེའི་མཛོད་ལ་འགྲེལ་བ་ཞིག་ཀྱང་མཛད།
སྐབས་དེར་ཁོང་ལ་ཟི་ལིང་དུ་བཅའ་སྡོད་མན་ཇུའི་ཨམ་བན་དང་འབྲེལ་བའི་དཀའ་ངལ་ཞིག་འཕྲད། རྡོ་གྲུབ་ཆེན་རིན་པོ་ཆེ་ཟི་ལིང་གི་ཨམ་བན་གྱི་ལས་ཁུངས་སུ་འབོད་འགུགས་བྱས། སྐད་སྒྱུར་བ་གཉིས་བརྒྱུད་ནས་ཉིན་གང་ལ་འདྲི་རྩད་བྱས། སྐབས་དེར་ཁོང་ལ་ཉེས་འཛུགས་སྣ་ཁ་ཁ་ཤས་ཤིག་བྱས། གཅིག་གི་ཁམས་ཕྱོགས་ཀྱི་ཇག་འཁྱམས་ཚོ་ཁག་གཅིག་ཡུལ་ཕྱོགས་དེར་འབྱོར་ཡོད་པ་དེ་ལ་རྡོ་གྲུབ་ཆེན་རིན་པོ་ཆེས་རོགས་སྐྱོར་བྱེད་བཞིན་ཡོད་ཚུལ་རེད། དེ་ནི་བདེན་པ་ཞིག་གཏན་ནས་མིན། ཁོང་ཚོ་རྡོ་གྲུབ་ཆེན་པོ་ཆེར་མཇལ་བཅར་ཞུས་ཡོད་སྲིད་པ་ཙམ་ལས་རྡོ་གྲུབ་ཆེན་རིན་པོ་ཆེ་དང་ཁམས་ཀྱི་མི་དེ་ཚོའི་བར་ལ་འབྲེལ་བ་གཞན་གང་ཡང་མེད། ཉེས་འཛུགས་གཞན་ཞིག་ནི་རྡོ་གྲུབ་ཆེན་རིན་པོ་ཆེ་མཚོ་སྔོན་པོའི་རྒྱུད་དུ་སླེབས་ནས་ཡུན་རིང་ཞིག་ཡིན་ཡང་ཟི་ལིང་ཨམ་བན་ལ་སྙན་སེང་དང་ཆོག་མཆན་མ་ཞུས་པ་དེ་རེད། དེ་ནི་བདེན་པ་རེད། ད་དུང་ཉེས་འཛུགས་གཞན་ཞིག་ནི་རྡོ་གྲུབ་ཆེན་རིན་པོ་ཆེའི་ཆོས་ཀྱི་མཛད་སྒོ་སོགས་ཀྱི་སྐབས་སུ་མཁན་ཞུ་མནབ་ཀྱིན་ཡོད་པ་རེད། དེ་ནི་ཁོང་ལ་ཁྲིམས་ཐོག་ནས་ངོས་ལེན་ཡོད་པའི་གྲྭ་ས་ནས་ཞྭ་མོ་དེ་མནབ་ཆོག་པའི་གནས་རིམ་གོ་ཐོབ་མེད་པ་དེ་ཁྲིམས་འགལ་ཡིན་ལུགས་ཤིག་རེད། དེ་ཡང་ཕྱོགས་གཅིག་ནས་བདེན་པ་རེད། རྡོ་གྲུབ་ཆེན་རིན་པོ་ཆེར་དེ་ལྟ་བུའི་གདན་ས་གྲྭ་སའི་གོ་མིང་ཐོབ་ཐང་ཐོབ་མྱོང་མེད་པ་རེད།
གང་ལྟར་ཡང་ཆིན་དབང་ངག་དབང་དར་རྒྱས་དང་ཇུ་ནང་ཛ་སག་སོགས་མཚོ་སྔོན་པོའི་རྒྱུད་ཀྱི་བོད་སོག་གི་དཔོན་རིགས་ཚང་མ་ཚོགས་སར་བཤད་སྦྱངས་བྱས་བྱས་པའི་ཐ་མར་རྡོ་གྲུབ་ཆེན་རིན་པོ་ཆེར་ཁྲིམས་ལ་སྦྱར་འོས་པའི་ནག་ཉེས་ཤིག་འགེལ་རྒྱུ་རྙེད་མི་འདུག ཐ་མ་ཁོང་གློད་གྲོལ་བཏང་བ་ཙམ་དུ་མ་ཟད་ཨམ་བན་རང་ཉིད་ཀྱི་ལས་རོགས་ཤིག་ནད་ཀྱིས་མནར་བཞིན་པ་དེར་སྐྱབས་འཇུག་ཀྱང་ཞུས་པས་ཚང་མར་ངོ་མཚར་སྐྱེས། གལ་སྲིད་སྐབས་དེར་རྡོ་གྲུབ་ཆེན་རིན་པོ་ཆེར་ཁྲིམས་ཐོག་གི་དཀའ་ངལ་ཞིག་འཕྲད་པ་ཡིན་ན་དེ་ནི་ཁོང་གཅིག་པོ་དང་འབྲེལ་བའི་དཀའ་རྙོག་ཅིག་མིན་པར་ཁོང་དང་འབྲེལ་བ་ཟབ་པའི་སོག་པོའི་དཔོན་རིགས་ཚོའི་གོ་གནས་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན།
ཟླ་བ་ཁ་ཤས་ཀྱི་རྗེས་སུ་ཁོང་ལ་ཨམ་བན་གྱི་བཀའ་ཤོག་ཅིག་འབྱོར་ནས་སླར་ཡང་ཟི་ལིང་དུ་ཕེབས་དགོས་བྱུང་། སྐབས་དེར་ཨམ་བན་གྱིས་གུས་ཞབས་ཆེ་བའི་རྣམ་འགྱུར་དང་འབྲེལ་ནས་མན་ཇུ་གོང་མས་ཁྱོད་ཀྱི་སྐོར་ལ་བཀའ་ཤོག་ཅིག་འབྱོར་སོང་ཟེར། སྤྱིར་བཏང་མི་སུ་ཞིག་ཡིན་རུང་གོང་མའི་བཀའ་ཤོག་སྒྲོག་སྐབས་ཡར་ལངས་ཤིང་ཁ་ཤར་ཕྱོགས་སུ་འཁོར་ནས་གོང་མ་ཆེན་པོར་གུས་པའི་རྣམ་འགྱུར་གྱིས་ཉན་དགོས་པ་རེད། ཡིན་ན་ཡང་ཁྱོད་བླ་མ་ངོ་མཚར་ཅན་ཡིན་སྟབས་ཡར་ལངས་མི་དགོས། བཞུགས་སྟེགས་སྟེང་དུ་བཞུགས་བཞིན་དུ་ཞལ་ཤར་ཕྱོགས་སུ་འཁོར་ནས་བཀའ་ཤོག་གི་བརྗོད་དོན་ལ་གསན་ན་འགྲིགས་ཞེས་བརྗོད། མན་ཇུའི་གོང་མ་ཅ་ཆིང་(1796-1820)གི་བཀའ་ཤོག་གི་དོན་སྙིང་ངོ་མ་འདི་ཙམ་རེད། གལ་སྲིད་བླ་མས་ཡུལ་ཁམས་དེའི་མི་མང་ལ་ཕན་ཐོགས་པ་ཡིན་ན་ཞྭ་མོ་དམར་པོའི་ཆོས་ལུགས་༼རྙིང་མ་བ༽ཡིན་ཡང་སྐྱོན་མི་འདུག ཡིན་ན་ཡང་ཁོང་ངེས་པར་དུ་ས་ཁུལ་དེར་བཞུགས་དགོས། རི་བོ་རྩེ་ལྔར་ཡང་ཕེབས་མི་ཆོག བོད་དབུས་ཕྱོགས་སུ་ཡང་ཕེབས་མི་ཆོག ཁོང་གི་འཁྲུངས་ཡུལ་ཕྱོགས་སུ་ཡང་ཕེབས་མི་ཆོག གལ་སྲིད་གནད་དོན་ཆེན་པོ་བྱུང་ནས་ངེས་པར་དུ་ས་ཁུལ་འདི་དང་ཁ་འབྲལ་དགོས་བྱུང་ན་ཐོག་མར་མན་ཇུ་གོང་མ་དང་བཀའ་བགྲོ་གནང་བ་ཞུ་དགོས། མཚོ་སྔོན་པོའི་རྒྱུད་ཀྱི་དཔོན་རིགས་དང་མི་མང་ཚོས་ངེས་པར་དུ་ཡང་བླ་མ་ལ་གུས་བརྩི་ཞབས་ཏོག་ཡག་པོ་ཞུ་དགོས་སོགས་འཁོད་ཡོད་འདུག
ས་ཁུལ་དེའི་མི་མང་གི་སེམས་སུ་མན་ཇུ་གོང་མས་དེ་ལྟར་ཁོང་ལ་ཆེ་བསྟོད་ལྟ་བུའི་ངོས་འཛིན་བྱས་པ་དང་ས་ཁུལ་དེར་བཞུགས་ཆོག་པའི་བཀའ་ཤོག་འབྱོར་བ་དེས་སོག་པོ་མདའ་ཚན་བཅུ་གཉིས་ཀྱི་བསོད་ནམས་དང་གཟི་བརྗིད་ཅིག་ཏུ་བརྩིས། ཡིན་ན་ཡང་རྡོ་གྲུབ་ཆེན་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པའི་རེ་བ་གཏན་ཕམ་ཏུ་ཕྱིན། ད་དུང་ཁོང་ལ་བསྐྱར་དུ་དབུས་སུ་ཐེངས་གཅིག་ཕེབས་ནས་རིག་འཛིན་འཇིགས་མེད་གླིང་པ་མཇའ་འདོད་ཀྱི་འདུན་པ་ཡོད་ཀྱང་དེ་ཡང་མ་གྲུབ་པས་འཇིགས་མེད་ཆོས་གྲགས་ཁོང་གི་སྐུ་ཚབ་ཏུ་དབུས་སུ་བཏང་། དེ་ཡང་རང་ལ་དབང་བའི་དངོས་པོ་ཐམས་ཅད་སྤོང་དག་བྱས་ནས་འབུལ་བ་དངོས་ཟོང་རྒྱ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ་ལ་བསྐུར། དེ་དང་ལྷན་དུ་ཆིན་དབང་ངག་དབང་དར་རྒྱས་ཀྱིས་ཀྱང་རིག་འཛིན་འཇིགས་མེད་གླིང་པ་ལ་འབུལ་བ་མང་པོ་བསྐུར།
སྐབས་དེར་སོག་པོའི་དཔོན་རིགས་ཚོས་ཁོང་ལ་དགོན་པ་ཞིག་བཞེངས་ནས་ཡུལ་དེར་གཏན་བཞུགས་གནང་ན་མཐུན་རྐྱེན་སྦྱར་བའི་ཁས་ལེན་བྱས་ཀྱང་ཁོང་གིས་ཞལ་བཞེས་མ་གནང་། ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་(1726-1803)གྱིས་ཁོང་ལ་ཆེ་བསྟོད་དང་འབུལ་བ་ཕུལ་ནས་ཆོས་གསན་ཞིང་ཁོང་གིས་ཀྱང་ཨ་རིག་དགེ་བཤེས་ལས་གསུང་ཆོས་ཞུས།
ཐ་མ་དེར་རྡོ་གྲུབ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་དུ་ཁོང་ལ་དྲིན་ཆེ་བའི་གཉེན་ཚན་རྒན་པོ་ཞིག་ནད་ཀྱིས་མནར། དེར་རྒན་པོ་དེས་རྡོ་གྲུབ་ཆེན་རིན་པོ་ཆེ་ཁོའི་སར་མ་ཕེབས་ན་སྨན་བཅོས་སྣ་གཅིག་ཀྱང་མི་བརྟེན། ཁ་འདོན་ཡང་མི་བྱེད། དགོན་པར་སྐྱབས་ཞུར་ཡང་མི་བཅར་ཞེས་ཨུ་ཚུགས་བྱས་པ་སོགས་ཀྱིས་ཁོང་རང་གི་འཁྲུངས་ཡུལ་ལ་ཕེབས་དགོས་པའི་སྐུལ་མ་མང་པོ་བྱུང་། བླ་མ་པདྨ་དམ་ཆོས་ཁོང་གི་སྐུ་ཚབ་ལྟ་བུར་ཡུལ་དེར་བཞག་ནས་ཡེ་ཤུའི་འདས་ལོ་༡༧༩༩ལོར་ཕྱིར་ཕ་ཡུལ་དུ་ཕེབས།
འདི་གའི་རྒྱུ་ཆ་རྣམས་ང་ཚོའི་ཆོག་མཆན་མེད་པར་བརྐུ་བཤུ་བརྒྱུད་འགོད་མ་བྱེད་རོགས།