ཕ་ཀི་སི་ཐན་གྱི་རྡོ་བརྐོས་རིན་ཐང་ཅན་མང་པོ་ཞིག་ཉེན་ཁའི་གནས་སུ་ལྷུང་བ།


ཌེ་མུར་པ་ཤ་ཆུ་མཛོད་རྒྱག་པའི་འཆར་གཞི་དེ་ལས་བརྟེན་ནས་ཕ་ཁི་སི་ཐན་གྱི་རིན་རང་གཞལ་དུ་མེད་པའི་རྡོ་བརྐོས་མང་པོ་ཞིག་ཆུ་འོག་ཏུ་ནུབ་རྒྱུ་ཡིན་པ་རེད། ཆུ་མཛོད་དེ་ནི་ཡུལ་དེར་ཕ་ཀི་སི་ཐན་ལ་གློག་ཤུགས་ཀྱིས་མི་འདངས་བའི་དཀའ་ངལ་འཕྲད་བཞིན་པ་དེར་ཆུ་ཤུགས་གློག་འདོན་འཕྲུལ་ཆས་འཛུགས་ཆེད་དུ་ཡིན་འདུག
དེ་ཡང་ཕ་ཀི་སི་ཐན་ཡུལ་གྱི་བྱང་ཕྱོགས་རི་བོའི་རྒྱུད། ཁུལ་དེ་ནི་ཧི་མ་ལ་ཡ་དང་ཀ་ར་ཀོ་རམ་གྱི་ནུབ་རྒྱུད་དང་ཧིན་དྷུ་ཀུ་ཤའི་རི་བོ་ཤར་རྒྱུད་དུ་ཆགས་པའི་དབུས་སུ་ཡོད། འགྲུལ་བསྐྱོད་པ། ཚོང་པ། བཙན་འཛུལ་བ། གནས་སྐོར་བ།
སྒྱུ་རྩལ་བ་སོགས་གནའ་བོའི་ཟ་འོག་ལམ་ཆེན་དང་དེའི་ཡན་ལག་བརྒྱུད་ནས་གནས་འདིར་སླེབས་ཤིང་། སླེབས་པ་ཙམ་དུ་མ་ཟད་རང་རང་གི་རིག་གནས་སྒྱུ་རྩལ་དང་ཆོས་ལུགས་ཀྱི་མཚོན་རྟགས་རི་མོའི་ལག་རྗེས་མང་པོ་ཞིག་རྡོ་ལེབ་དང་། ཕ་བོང་དང་། བྲག་ལོགས་སོགས་སུ་བརྐོས་ཡོད།
རྡོ་བརྐོས་རི་མོ་དེ་དག་ནི་འདས་པའི་མི་ལོ་ཁྲི་གཅིག་ཡས་མས་ནས་མགོ་ཚུགས་ཤིང་དུས་རབས་རིམ་བྱུང་དུ་ཁ་སྣོན་བྱས། དུས་རབས་བདུན་པའི་ནང་དུ་དབྱི་སི་ལམ་གྱི་ཆོས་ལུགས་དར་བའི་བར་དུ་འཕེལ་རྒྱས་བྱུང་བ་རེད། རྡོ་བརྐོས་གཟུགས་རིས་དང་མཚོན་རྟགས་སོགས་ཁྲི་ལྔ་ཙམ་དང་རྡོ་བརྐོས་ཡི་གེ་ལྔ་སྟོང་ཙམ་ཡོད་འདུག དེ་དག་ཐམས་ཅད་དུས་རབས་མི་འདྲ་བ་རིམ་བྱུང་གི་རིག་གནས་མི་འདྲ་བའི་ལོ་རྒྱུས་ལྡན་པ་ཤ་སྟག་ཡིན་སྟབས་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། སྒྱུ་རྩལ་སོགས་ལ་ཞིབ་འཇུག་དང་ལྟད་མོ་ལྟ་ཡུལ་རྨད་དུ་བྱུང་བ་ཞིག་ཡིན་འདུག
རྡོ་བརྐོས་ཡི་གེ་དེ་དག་གི་བརྒྱ་ཆ་བརྒྱད་ཅུ་ཙམ་བྷ་ར་མིའི་ཡིག་གཟུགས་ཡིན་ཞིང་། ད་དུང་སོག་ཌིན། དབུས་ཕུར་ཤི་ཡའི་ཡི་གེ། བོད་ཀྱི་ཡི་གེ། རྒྱ་ནག་གི་ཡི་གེ་སོགས་ཕོན་ཆེན་ཡོད་འདུག
རྡོ་བརྐོས་དེ་དག་ནི་མི་ལོ་གཅིག་ཁྲི་ཙམ་ནས་མགོ་ཚུགས་པ་ཡིན་སྟབས་སྐབས་དེ་ནི་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་སྨད་ཙམ་ལ་ཁེལ་ཡོད། རྡོ་བརྐོས་རྙིང་གྲས་དེ་དག་ལས་རྔོན་བཞིན་པའི་རི་དགས་དང་གཅན་གཟན་འདྲ་རིས་མང་པོ་མཐོང་རྒྱུ་ཡོད་མོད་ཁྱད་མཚར་བ་ཞིག་ལ་རྔོན་པ་དེ་ནམ་ཡང་མཐོང་མི་ཐུབ་པ་རེད། དེའི་རྗེས་སུ་ལི་ཆས་སྤྱོད་པའི་དུས་རབས་སུ་བྱུང་བའི་རྡོ་བརྐོས་དེ་དག་ལས་མི་ཚད་ཙམ་གྱི་སྐྱེས་པའི་འདྲ་གཟུགས་ལག་གཉིས་བརྐྱངས་ཡོད་པ་ལྔ་བཅུ་ཡས་མས་ཡོད་ཅིང་། བལྟས་ཚོད་ལ་འདྲེ་དང་བདུད་དང་ལྷའི་གཟུགས་རིས་མིན་ནམ་སྙམ་པ་ཡོད་མོད་ཁྱད་མཚར་བ་ཞིག་ལ་དེ་ཚོའི་གདོང་རིས་དེ་གསལ་བོ་གཏན་ནས་མེད་པ་རེད།  འདས་པའི་ལོ་བརྒྱད་སྟོང་ཙམ་ནས་ཡུལ་འདིར་ཞིང་ལས་རྨོ་འདེབས་མགོ་ཚུགས་པ་ཡིན་སྟབས་སྐབས་དེ་ཤེད་ཀྱི་རྡོ་བརྐོས་དག་ལས་རྟ་ཡི་གཟུགས་རིས་མཐོང་རྒྱུ་ཡོད་འདུག
འདས་པའི་མི་ལོ་ཉིས་སྟོང་ཙམ་གྱི་དུས་སུ་ཡུལ་དེར་ནང་པ་སངས་རྒྱས་པའི་བསྟན་པ་དར་མགོ་ཚུགས་པ་ཡིན་སྟབས་རི་ཁུལ་འདིར་ནང་པ་སངས་རྒྱས་པའི་རིག་གནས་ཀྱི་མཚན་དོན་ལྡན་པའི་རྡོ་བརྐོས་དང་ཡིག་རིས་ཆེས་ངོ་མཚར་བ་མང་དུ་བཞུགས་ཡོད་འདུག དེ་ཡང་མཆོད་རྟེན་དང་། སྐུ་དང་། གཙུག་ལག་ཁང་སོགས་ཆེས་མང་པོ་ཡོད་འདུག
དེ་ལྟ་བུའི་ངོ་མཚར་བསམ་བརྗོད་ལས་འདས་པའི་རིག་གནས་ཤུལ་བཞག་རིན་ཐང་ཅན་འདི་ནི་ལོ་རྒྱུས་དང་། སྐད་ཡིག ཆོས་ལུགས། སྒྱུ་རྩལ། ཡུལ་སྐོར་གང་ཐད་ནས་བསམ་ཡང་རང་གར་ཆུ་རུ་བྱིངས་འཇུག་མི་བཏུབ་པ་ཞིག་ཡིན་སྟབས་འཛམ་གླིང་མི་མང་པོས་སེམས་ཁྲལ་བྱེད་བཞིན་ཡོད་དོ།  

འདི་ཀའི་ཡིག་ཆ་རྣམས་བརྐུ་བཤུ་བརྒྱུད་འགོད་མ་བྱེད་རོགས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།