བོད་ལས་ཆད་པའི་ཚོ་སྡེ་ཞིག

རྡོ་རྗེ་ཚེ་སྲུང་།

ཨག་ཁ་མི་རིགས་ནི་རྒྱ་ནག་གི་ཁོངས་གཏོགས་ཡུན་ནན་དང་། འབར་མ། ལའོ་སི། ཐའེ། ཝིད་དི་ནམ་བཅས་ཡུལ་ལྔའི་ནང་དུ་འཚོ་སྡོད་བྱེད་བཞིན་པའི་རི་སུལ་གྱི་གྲངས་ཉུང་མི་རིགས་ཤིག་རེད། མི་འབོར་ས་ཡ་གཅིག་ལྷག་གམ་གཉིས་ཙམ་ཡོད་ཟེར།
རྒྱ་ནག་གི་མི་རྩིས་ལས་ཁུངས་ཀྱིས་ད་ལྟ་ཡུན་ནན་ནང་དུ་མི་རིགས་འདི་འབུམ་བཞི་ཙམ་ཡོད་པར་ཁས་བླངས་ཡོད། ཡིན་ན་ཡང་བོད་རིགས་ཀྱི་ཁོངས་སུ་བགྲངས་མེད། སོག་པོའི་བཙན་འཛུལ་ལ་མགོ་སྒུར་མ་འདོད་པར་ལྷོ་ཕྱོགས་སུ་གཞིས་སྤོས་པའི་བོད་མི་ཚོ་ཁག་ཆེན་པོ་ཞིག་ཡིན་པར་ཕྱིའི་རྟོག་ཞིབ་པ་རྣམས་ཁ་མཐུན་ཐོག་ཁོ་རང་ཚོའི་ངག་རྒྱུན་ལོ་རྒྱུས་ལས་ཀྱང་དེ་བཞིན་དུ་ཁས་ལེན། ཚོ་ཁག་དེ་ལ་ཡིག་ཐོག་གི་ལོ་རྒྱུས་མེད་ཀྱང་ལོ་རྒྱུས་སྤྱི་དང་ལྷག་པར་ཡང་རང་གི་ཁྱིམ་རྒྱུད་ལོ་རྒྱུས་ཕོན་ཆེན་ཞིག་ངག་ཐོག་ནས་གཅིག་ལ་གཅིག་བརྒྱུད་ཀྱིས་བཤད་རྒྱུ་ཡོད། མི་ལ་ལས་ཁྱིམ་རྒྱུད་ཀྱི་མི་རབས་ལྔ་བཅུའི་ལོ་རྒྱུས་ལྟ་བུ་ཡང་འཆད་ཐུབ་ཟེར།
ཆོས་ལུགས་ནི་གནམ་དང་ཆུའི་ལྷ་སོགས་འབྱུང་བ་ལ་གནས་ཤིང་དབང་སྒྱུར་བའི་ལྷ་འདྲེ་མང་པོ་ཡོད་པར་ཁས་ལེན། ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ཆོ་གའི་མགུར་དབྱངས་ལྟ་བུ་རིང་པོ་ཞིག་བློ་ཐོག་ནས་འདོན་རྒྱུ་ཡོད། ན་ཚ་ཤི་ཆད་སོགས་མི་འདོད་པ་བྱུང་སྐབས་སྡེ་ཚོའི་ནང་གི་ལྷ་པ་ལྟ་བུ་ཞིག་ཡོད་པ་དེའི་མདུན་དུ་བཅར་ནས་ལུང་བསྟན་ཞུ། ནད་པའམ་ལུང་བསྟན་ཞུ་མཁན་དེའི་ཅ་དངོས་ཤིག་ལྷ་པ་དེའི་སྔས་འོག་ཏུ་བཅུག་ནས་རྨི་ལམ་བརྟག རིམ་གྲོ་གང་དགོས་རྨི་ལམ་ལ་བརྟེན་ནས་ཤོད། དཔེར་ན་ཕག་གསུམ། ར་གསུམ། བྱ་དེ་གསུམ། སྒོ་ང་གསུམ་དམར་མཆོད་བྱ་ལྟ་བུའི་རིམ་གྲོ་འབབ། གལ་སྲིད་ཁྱིམ་ཚང་དེ་ལ་སྒོ་ཕྱུག་དམར་མཆོད་བྱ་རྒྱུ་མེད་ན་ཉོས་ནས་བྱ་དགོས། དེ་བཞིན་དུ་གྲོང་སྡེ་དང་ཐག་ཉེའི་ལམ་སྣེ་རུ་ཤིང་གི་སྒོ་ཞིག་འཛུགས། དེ་ཡང་ཤིང་གི་ཡལ་ག་སོགས་སྦྲེལ་ནས་འཛུགས་པའི་སྟབས་བདེ་ཙམ་ལས་རྒྱས་སྤྲོས་མེད། དེ་ནི་ཆོས་ལུགས་ཆོ་ག་དང་སྦྲེལ་ནས་བྱས་ཡོད་སྟབས་འདྲེ་སྲིན་གདུག་པ་ཅན་རྣམས་འགོག་པའི་ཆེད་ཡིན་ཟེར།
དུས་རབས་ཉི་ཤུ་པའི་མགོ་སྟོད་ནས་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་འབར་མའི་ནང་ནས་མགོ་བཙུགས་ཏེ་མི་རིགས་དེ་ཡེ་ཤུའི་ཆོས་ལུགས་པར་བསྒྱུར་མགོ་ཚུགས། རིམ་གྱིས་ཡུལ་གྲུ་གཞན་དུ་གནས་པའི་སྡེ་ཚོ་རྣམས་ཀྱང་རིམ་གྱིས་ཡེ་ཤུའི་ཆོས་ལུགས་པར་གྱུར་ཅིང་ད་ལྟ་སྲོལ་རྒྱུན་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་ཉུང་བར་གྱུར་ཡོད། རི་སུལ་གྱི་བོད་མི་འདི་ཚོ་ལྟོས་འཇོག་གིས་བཤད་ན་ཅུང་དབུལ་བོ་ཡིན། ཁོང་ཚོ་ཐའེ་དང་ཝིད་དི་ནམ་སོགས་སུ་གནས་སྤོ་བྱས་ནས་ཡུན་རིང་མ་འགོར་སྟབས་ཁྲིམས་ཐོག་ནས་མི་སེར་སུ་ཁས་མི་ལེན་པའི་དཀའ་ངལ་སོགས་ཡོད་སྟབས་ཕྱིའི་རོགས་སྐྱོར་ལ་ལྟོས་དགོས་པས་ཀྱང་ཡེ་ཤུའི་འགྲོ་དོན་སྒྲུབ་མཁན་ཚོས་བོད་རིགས་ཚོའི་ཕ་མེས་ཀྱི་ཆོས་ལུགས་དེ་ལས་སླ་པོར་བསྣུབས་ནུས་པ་ཡིན། དེ་བཞིན་ཡིག་ཐོག་གི་རིག་གཞུང་སོགས་མེད་སྟབས་ཡེ་ཤུའི་འགྲོ་དོན་སྒྲུབ་མཁན་ཚོའི་བཞེད་པ་ལམ་ལྷོངས་བྱུང་བར་ཐེ་ཚོམ་མེད། དེ་བཞིན་དུ་ཡེ་ཤུའི་འགྲོ་དོན་སྒྲུབ་མཁན་ཚོས་བོད་ཀྱི་རིགས་རྒྱུད་ལས་ཆད་པར་གྲགས་པའི་མི་རིགས་འདིའི་རིག་གཞུང་གཏོར་བཤིག་བཏང་བ་མ་གཏོགས་དཔལ་འབྱོར་དང་། འཕྲོད་སྟེན། ཤེས་ཡོན་མདུན་ལམ་སོགས་ལ་ཕན་པའི་ལས་ཀ་ཡང་མང་པོ་སྤེལ་བཞིན་ཡོད།
ཉེ་ཆར་ནས་ཕྱི་མི་མཁས་པའི་རོགས་རམ་ལ་བརྟེན་ནས་ལ་ཊིན་ཡིག་གཟུགས་གཞིར་བཞག་གིས་ཁོང་ཚོའི་སྐད་དེ་ཡིག་ཐོག་ལ་འབེབས་སྲོལ་ཞིག་ཀྱང་བཏོད་འདུག་མོད་ད་དུང་ཡོངས་ཁྱབ་ཀྱིས་བེད་སྤྱད་ཐུབ་པར་དུས་ཡུལ་རིང་པོ་འགོར་ངེས་རེད། (གོང་གི་འདྲ་པར་གྱི་ཡོང་ཁུངས་ནི་www.goway.comཡིན)


འདི་ཀའི་ཡིག་ཆ་རྣམས་བརྐུ་བཤུ་བརྒྱུད་འགོད་མ་བྱེད་རོགས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།