རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

སྔ་འགྱུར་རྙིང་མའི་བརྒྱུད་པའི་ནང་ཚན་སྙིང་ཐིག་པའི་བསྟན་པའི་བདག་པོའཇིགས་མེད་འཕྲིན་ལས་འོད་ཟེར་ནི་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྣམ་བཞིའི་ནང་ནས་འགྲོ་དོན་འཕྲིན་ལས་རྒྱ་ཤོས་དེ་རེད།
སྤྱིར་ན་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་ཀྱི་མཚན་ཅན་བཞིའི་ནང་ནས་རྡོ་གྲུབ་ཆེན་རིན་པོ་ཆེ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་གཉིས་འགྲོ་དོན་ཕྲིན་ལས་ཆེ་ཤོས་སུ་གྱུར། དེ་ཡང་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་བཤད་སྒྲུབ་གཉིས་ལས་བཤད་པའི་རྒྱུན་ལས་འགྲོ་དོན་ཆེན་པོ་དང་རྡོ་གྲུབ་རིན་པོ་ཆེ་ལས་སྒྲུབ་པའི་འཕྲིན་ལས་རྒྱ་ཆེན་བྱུང་བ་ཡིན། རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་ནི་རབ་བྱུང་བཅུ་གཉིས་པའི་ཤིང་མི་གླང་གི་ལོ་(ཕྱི་ལོ་༡༧༤༥)ལོར་ཡུལ་རྡོ་ཁོགས་སུ་འཁྲུངས། སྐུ་ན་གཞོན་པའི་དུས་ནས་དག་པའི་སྣང་བ་ལྷན་སྐྱེས་སུ་མངའ་བ་དང་གཞན་ཡང་ངོ་མཚར་བའི་རྟགས་མཚན་རྒྱ་ཆེན་དང་ལྡན།
ཞེ་ཆེན་རབ་འབྱམས་རིན་པོ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་༼༡༧༡༣ནས་༡༧༦༩༽གྱི་དྲུང་དུ་སྐྲ་ཕུད་ཕུལ་ཞིང་མཚན་ལ་ཀུན་བཟང་གཞན་ཕན་ཞེས་གསོལ། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་སོགས་༼༡༧༥༩ནས་༡༧༩༢༽བླ་མ་ཉི་ཤུ་ཙམ་བརྟེན་ནས་སློབ་གཉེར་གནང་།
དགུངས་ལོ་ཉེར་གཅིག་ཏུ་སོན་པ་ཤིང་བྱ་ལོར་དབུས་ཕྱོགས་སུ་ཕེབས། གནས་སྐོར་མཆོད་མཇལ་དང་། སྐྱེས་ཆེན་མང་པོའི་དྲུང་དུ་བཏུད་ནས་གདམས་ངག་མང་དུ་ཐོབ། གནས་མཆོག་ཙ་རི་ཏྲར་སྒྲུབ་པ་ལ་བཞུགས་སྐབས་སུ་དག་པའི་སྣང་བར་སློབ་དཔོན་ཆེན་པོས་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་ཤིང་། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས༎འགལ་རྐྱེན་བར་ཆད་མི་འབྱུང་ཞིང་༎མཐུན་རྐྱེན་བསམ་པ་འགྲུབ་པ་དང་༎མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༎ཞེས་གསོལ་འདེབས་ཞལ་མཐོང་མ་བྱིན་རླབས་ཅན་ཐོལ་བྱུང་དུ་མཛད། སླར་ཁམས་སུ་ཕེབས་ནས་ཞེ་ཆེན་རབ་གཉིས་པ་ཀུན་བཟང་འགྱུར་མེད་རྣམ་རྒྱལ་དང་། འབར་བླ་བཀྲ་ཤིས་རྒྱ་མཚོ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་གདམས་པ་མང་པོ་དང་། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་དྲུང་ནས་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ཡོངས་རྫོགས་གསན། རྫོགས་ཆེན་རིན་པོ་ཆེས་ལམ་སྟོན་གནང་བ་བཞིན་རྫོགས་ཆེན་དགོན་དང་ཉེ་བའི་གངས་ཁྲོད་སྒྲུབ་གནས་སུ་ལོ་བདུན་གྱི་བར་སྐུ་མཚམས་དམ་པོ་བཅད་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། སྐུ་མཚམས་ལ་བཞུགས་པའི་དུས་ཡུན་དེར་ཆོས་སྐྱོང་ཚེ་རིང་མས་མཐུན་རྐྱེན་སྦྱར་བར་གྲགས།
རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇིགས་མེད་གླིང་བས་མཛད་པའི་བསྟན་བཅོས་ཡོན་ཏན་མཛོད་མཇལ་བས་རྐྱེན་བྱས་ནས་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཟབ་པའི་བླ་མ་ནི་རིག་འཛིན་འཇིགས་མེད་གླིང་པ་ཡིན་པར་མཁྱེན་ནས་རིག་འཛིན་འཇིགས་མེད་གླིང་པ་མཇལ་དུ་འགྲོ་བའི་ཐུགས་འདུན་བརྟས། དགུང་ལོ་སོ་དགུའི་སྟེང་རིག་འཛིན་འཇིགས་མེད་གླེང་པ་མཇལ་བར་དབུས་སུ་ཕེབས། ཡུལ་ཡར་ལུང་འཕྱོང་རྒྱས་སྲོང་བཙན་བང་སོ་དང་ཉེ་བའི་གདན་ས་ཚེ་རིང་ལྗོངས་༼དེང་སང་ལྷོ་ཁ་ཁུལ་འཕྱོང་རྒྱས་རྫོང་གི་ཉེ་འགྲམ༽སུ་རིག་འཛིན་འཇིགས་མེད་གླིང་པ་དང་མཇལ། རིག་འཛིན་འཇིགས་མེད་གླིང་པ་ལ་སློབ་དཔོན་པདྨས་དག་པའི་སྣང་བར་ལུང་བསྟན་ཐོབ་པ་བཞིན་རྡོ་གྲུབ་ཆེན་རིན་པོ་ཆེ་ནི་སྙིང་ཐིག་པའི་བསྟན་པའི་བདག་པོའམ་རིག་འཛིན་འཇིགས་མེད་གླིང་པ་རང་གི་ཆོས་ཀྱི་བདག་པོར་འགྱུར་བ་མཁྱེན། མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་དུ་བསྐྱེད་རྗོགས་རྫོགས་ཆེན་གྱི་དབང་ལུང་ཁྲིད་གསུམ། ལྷག་པར་དུ་ཡང་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་རྒྱུད་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་སྙིང་ཐིག་པའི་བསྟན་པའི་བདག་པོར་མངའ་གསོལ་ཞིང་འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་པའི་མཚན་གསོལ། ཕྱིར་མདོ་ཁམས་སུ་ཕེབས་རྗེས་སུ་སླར་ཡང་ཐེངས་བཞི་ཙམ་ལ་རིག་འཛིན་འཇིགས་མེད་གླིང་པ་མཇལ་དུ་ཕེབས་ཤིང་འབུལ་བ་ཞབས་ཏོག་རྒྱ་ཆེན་བྱས། གོར་ཥས་བོད་དུ་བཙན་འཛུལ་བྱས་སྐབས་སུ་བསམ་ཡས་པེ་ཧར་དཀོར་མཛོད་གླིང་དུ་སྐུ་རྟེན་ལ་བཀའ་བགོ་མཛད་པས་སྐུ་རྟེན་གྱིས་དབུ་སྒུར་གནང་། ཧེ་པོ་རིའི་རྩེར་ཕེབས་ཏེ་ལྷ་བསམ་བཏང་སྐབས་ལྷ་བསང་གི་དུད་པ་ཁྱུང་གི་གཟུགས་སུ་གྲུབ་ནས་དགྲ་དཔུང་གི་ཐད་དུ་ཕྱིན་པ་མཐུན་སྣང་དུ་གྲུབ་པས་དེ་མ་ཐག་གོར་དཔུང་ཕྱིར་བཟློག་པས་གཞུང་ས་ནས་མཐུན་རྐྱེན་བཀུར་བཟོས་ཆེན་པོ་བྱས། བྲག་དཀར་སྤྲེལ་རྫོང་སོགས་སུ་ཆུ་མེད་སར་ཆུ་གཏེར་བཏོན་པ་སོགས་ཀྱིས་སྙན་གྲགས་རྒྱས་ཤིང་བོད་གཞུང་གི་དྲུང་འཁོར་དང་། སྡེ་དགེ་ས་སྐྱོང་། དར་མདོའི་ལྕགས་ལ་རྒྱལ་པོ། མགོ་ལོག་ཨ་སྐྱོང་། རྒྱལ་རོང་སོགས་ཀྱི་མི་དཔོན་ཆེ་ཁག་མང་པོས་ཞབས་ལ་བཏུད། བྱང་ཕྱོགས་མཚོ་སྔོན་པོའི་རྒྱུད་དུ་ཕེབས་ནས་བདུན་ཙམ་བཞུགས་ཤིང་སོག་པོའི་དཔོན་རིགས་ཆོས་རྒྱལ་ངག་གི་དབང་པོའམ་ཝང་རྒྱལ་པོ་སོགས་ཞལ་སློབ་སྦྱིན་བདག་ཏུ་གྱུར་ནས་ཕྱོགས་དེར་སྔ་འགྱུར་བའི་བསྟན་པའི་རྐང་ཚུགས་པ་བྱུང་།
དགུང་ལོ་དྲུག་ཅུ་རེ་དྲུག་སུ་སོན་པ་ལྕགས་རྟ་ལོ་ནས་གདན་ས་ཤུགས་ཆེན་འགྲོ་དོན་ལྷུན་གྲུབ་དང་། གྲུབ་ཆེན་ཡར་ལུང་པདྨ་བཀོད་། གཅང་ཆེན་དཔལ་འབར་གླིང་བཅས་སུ་བཞུགས་གདན་འཇགས། རྗེ་ཉིད་ཀྱི་ཞལ་ནས། ངའི་སྒྲུབ་སྡེ་འདིའི་མཁོས་ཀ་ལ་བལྟས་ན་ཕྱུག་པོའི་ལྷས་མལ་ཙམ་ལས་མེད་ཀྱང་རྙིང་བསྟན་གྱི་རྩ་བ་གནས་པས་རྡོ་རྗེའི་མཁའ་འགྲོ་མ་རྣམས་སྤྲིན་བཞིན་དུ་འདུ་བར་འདུག་ཅེས་གསུངས། ཕྱོགས་མཐའ་ནས་འདུས་པའི་སློབ་མའི་ཚོགས་ལ་ཆོས་འཁོར་བར་མེད་དུ་བསྐོར། ­༼གསེར་སྟོད་དུ་གདན་ས་ཡར་ལུང་པདྨ་བཀོད་འདི་གདན་ས་དར་རྒྱས་ཆེ་ཤོས་ཡིན་ཡང་དུས་རབས་༡༩སྨད་དུ་ཉག་རོང་གི་དམག་དཔུང་གིས་གཏོར་བཤིག་བཏང་བར་བརྟེན་རྡོ་གྲུབ་སྐུ་ཕྲེང་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་༼༡༨༢༤ནས་༡༨༦༣༽ཀྱི་དུས་སུ་རྡོ་ཁོགས་སུ་སྤོས། དེང་དུས་མགོ་ལོག་ཁུལ་པདྨ་རྫོང་གི་ས་ཁོངས་གཏོགས་རྡོ་སྟོད་དུ་ཡོད་པའི་རྡོ་གྲུབ་ཆེན་དགོན་པ་འདི་རྡོ་གྲུབ་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མའི་­༼༡༨༦༥ནས་༡༩༢༦༽དུས་སུ་དར་རྒྱས་བྱུང་བ་ཞིག་ཡིན།༽
དགུང་ལོ་དོན་བདུན་བཞེས་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོར་སློབ་ཚོགས་རྣམས་ལ་ཡུན་རིང་མི་བཞུགས་པའི་ཞལ་སློབ་གནང་། དེའི་ཕྱི་ལོར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་གྱི་ནམ་ཕྱེད་ལ་སྐུ་ལོངས་སྐུའི་ཆས་སུ་བཞུགས་ཏེ་སྐུ་གཤེགས། སྐབས་དེར་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས་པའི་ལམ་རྟགས་ཀུན་གྱི་མཐུན་སྣང་དུ་གྱུར་པ་ནི་དགུན་དུས་ཀྱི་གྲང་ངར་ཞི་ནས་དབྱར་གྱི་ནམ་ཟླ་ལྟར་གྱུར། སྐུ་གདུང་བཞུ་བའི་ཚེ་དུད་སྤྲིན་ལ་མཁའ་འགྲོ་མ་རྣམས་མཁའ་ལྡིང་གི་ཟོལ་གྱིས་གཡས་སྐོར་དུ་རྒྱུ་བ། གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕེལ་བ་སོགས་ཆེས་ངོ་མཚར་བའི་གྲུབ་རྟགས་བསྟན།
ཁོང་གི་ཞལ་སློབ་སྐད་གྲགས་ཆེ་གྲས་ནི་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། གྲུབ་དབང་དམ་ཚིག་རྡོ་རྗེ། རྡོ་བླ་འཇིགས་མེད་སྐལ་བཟང་སོགས་ཡིན། རྫ་དཔལ་སྤྲུལ་རིན་པོ་ཆེ་༼༡༨༠༨ནས་༡༨༨༧༽ཡང་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་སུ་བྱིན་བརླབས་མཛད་མྱོང་།
ཁོང་གི་མཚན་གྱི་རྣམ་གྲངས་ལ། འཇིགས་མེད་ཕྲིན་ལས་འོད་ཟེར། ཀུན་བཟང་གཞན་ཕན། བསོད་ནམས་ཆོས་ལྡན། རྫོགས་ཆེན་པ་རྡོ་བླ་སོགས་སུ་འབོད།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།