སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ངོ་སྤྲོད་མདོར་བསྡུས།
བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་སྤྱི་དང་བྱེ་བྲག་སོ་སོར་རང་རང་གི་བསྟན་པ་རྒྱས་པའི་སྨོན་ལམ་ཡོད་པ་བཞིན་རྙིང་མ་བ་ལ་བསྟན་རྒྱས་སྨོན་ལམ་རྒྱས་བསྡུས་མང་པོ་ཞིག་ཡོད་པའི་ནང་ནས་འཇུ་མི་ཕམ་རིན་པོ་ཆེས་མཛད་པ་འདི་ནི་ཚིག་དོན་གང་ཐད་ནས་གཟེངས་སུ་ཐོན་པ་ཞིག་ཏུ་གྱུར་ཡོད།
དེ་ཡང་བསྟན་རྒྱས་སྨོན་ལམ་འདི་ནི་རྒྱས་བསྡུས་འཚམས་པ་དང་། ལྷག་པར་ཡང་གསང་སྔགས་སྔ་འགྱུར་བའི་ལྟ་སྒོམ་སྤྱོད་གསུམ་གསལ་ཞིང་གནད་འདུས་པར་གཏན་ལ་ཕབ་ཡོད་པས་དོན་དུ་གཞུང་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས་འདི་ལ་མངའ་རིས་པ་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་༼སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་དྲང་སྲོང་རིག་འཛིན་བརྒྱུད་པའི་ཞལ་ལུང་༽ཞེས་པ་ཞིག་ཀྱང་མཛད་འདུག སྙན་ངག་གི་ཁྱད་ཆོས་ཉམས་འདོན་སྟངས་དང་སྡེབ་སྦྱོར་གྱི་ཁྱད་ཆོས་སྒྲ་ལྕི་ཡང་སྦྱོར་སྟངས་ལས་ངག་ལ་འདོན་བདེ་ཞིང་འདོན་པའི་གདངས་ལས་སེམས་ལ་ཉམས་འགྱུར་གྱི་ཚོར་བ་སྦྱིན་ནུས་པ་ཞིག་ཏུ་གྱུར་ཡོད། བསྟན་རྒྱས་སྨོན་ལམ་འདི་སྔ་འགྱུར་བའི་དགོན་སྡེ་མང་པོ་དང་ལྷག་པར་ཡང་རིས་སུ་མ་ཆད་པའི་སྔ་འགྱུར་བའི་ཆོས་ཚོགས་ཆེན་པོའི་རྣམས་ཀྱི་སྐབས་སུ་བཞི་ཆོད་ཀྱི་འདོན་རྟ་སྙན་པོ་དང་སྦྲགས་ནས་གསུང་སྲོལ་དར་ཡོད། དེ་བཞིན་དུ་ཚིག་སྙན་དོན་ཟབ་ཀྱི་བསྟན་རྒྱས་སྨོན་ལམ་འདིའི་ཤོ་ལོ་ཀ་རེ་རེ་བཞིན་འཕྱར་དར་དང་ཤིང་བྱང་སོགས་སུ་བྲིས་ནས་བཤམ་སྟོན་བྱེད་སྲོལ་ཡོད་པ་དེས་ཀྱང་སྐྱེ་བོ་མང་པོའི་སེམས་ལ་དད་པ་དང་དང་བ་ཆེན་པོ་སྟེར་བཞིན་ཡོད་པ་རེད། བསྟན་རྒྱས་སྨོན་ལམ་འདི་མཛད་པ་པོའི་ངོ་སྤྲོད་མདོར་བསྡུས།
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་འདི་མཛད་པ་པོ་ནི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཡིན། དེ་ཡང་འཇུ་མི་ཕམ་པ་ནི་བོད་ཤར་ཕྱོགས་སྡེ་དགེ་རྒྱལ་ཕྲན་གྱི་མངའ་ཁོངས་རྫ་ཆུ་ཁར་སྡེ་དགེ་རྒྱལ་པོའི་བློན་རིགས་སུ་གཏོགས་པའི་ཁྱིམ་ཚང་ཞིག་ཏུ་ཕྱི་ལོ་༡༨༤༦ལོར་འཁྲུངས། དགུང་ན་ཧ་ཅང་གཞོན་པའི་དུས་ནས་མཁྱེན་རབ་ཚད་མེད་པ་མངའ་ཞིང་སློབ་གཉེར་ལ་དཀའ་ཚེགས་ཆེར་མི་དགོས་པར་མཁྱེན་པ་སོགས་ངོ་མཚར་གྱི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་མངའ།
ཁོང་གི་བླ་མ་གཙོ་བོའི་གྲས་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྫ་དཔལ་སྤྲུལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། རྫོགས་ཆེན་མཁན་པོ་པདྨ་བཛྲ། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་སོགས་ལ་བརྟེན།
ཕྱི་ལོ་༡༩༡༢ལོར་སྐུ་གཤེགས། ཁོང་གི་སློབ་མ་གཙོ་བོའི་གྲས་ནི་ཞེ་ཆེན་རྒྱལ་ཚབ། གླག་བླ་བསོད་ནམས་ཆོས་འགྲུབ། མཁན་པོ་ཀུན་དཔལ། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མ། གཏེར་སྟོན་བསོད་རྒྱལ། ཀ་ཐོག་སི་ཏུ། ཨ་འཛོམ་འབྲུག་པ་རིན་པོ་ཆེ། ༼༡༨༤༢ནས་༡༩༢༤༽སོགས་བྱོན།
འཇུ་མི་ཕམ་པས་བོད་བརྒྱུད་ནང་བསྟན་སྔ་འགྱུར་རྙིང་མའི་ལྟ་གྲུབ་གཞུང་ལུགས་འཆད་སྤེལ་ཡར་རྒྱས་དང་། གཞུང་ལུགས་འགྲེལ་སྟངས་གསར་བཏོད། ཉམ་ཆགས་སུ་སོང་ཟིན་པ་ཁ་སྐོང་བ། སྔོན་བྱོན་རྙིང་མའི་མཁས་པ་དག་གི་ལྟ་སྒོམ་བཞེད་སྲོལ་གྱི་གནད་ཕྱོགས་བསྡོམས་དང་། གསལ་ཁ་བཏོད་པ། དགག་སྒྲུབ་ཀྱི་རྣོ་སོ་འདོན་པ་སོགས་ཀྱི་ཐད་ལ་གཞུང་དང་གཞུང་འགྲེལ་མང་པོ་མཛད། དེ་ནས་བཟུང་འཇུ་མི་ཕམ་པའི་གཞུང་དང་གཞུང་འགྲེལ་རྣམས་སྔ་འགྱུར་རྙིང་མའི་གདན་ས་ཕལ་མོ་ཆེའི་རིང་ལུགས་ཀྱི་ཡིག་ཆར་བཟུང་ནས་སློབ་གཉེར་བྱེད་སྲོལ་བྱུང་།
འཇུ་མི་ཕམ་པས་ནང་ཆོས་ཀྱི་གཞུང་ལུགས་ཁོ་ན་མ་ཡིན་པའི་སྨན་དང་། རྩིས། བཟོ། ཇུ་ཐིགས་སོགས་ཀྱི་གཞུང་མང་པོ་མཛད་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་ཆེན་པོ་བཞག་ཡོད།
འཇུ་མི་ཕམ་པའི་ཡིག་ཆ་སྐོར་ལ་དགེ་ལྡན་པའི་མཁས་པ་བྲག་དཀར་བློ་བཟང་དཔལ་ལྡན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་མཛད་མྱོང་བ་དཔལ་རིས་རབ་གསལ། རྡོ་གྲུབ་མཁན་པོ་དམ་ཆོས་སོགས་ཀྱིས་བགྲོ་གླེང་དང་དང་དགག་བཞག་གི་ཡིག་ཆ་མཛད་པ་དེ་ནང་བསྟན་གྱི་ལྟ་གྲུབ་ལ་གསལ་ཁ་འདོན་པའི་ལས་འགུལ་ཞིག་ཏུ་གྱུར་ཡོད། མདོར་ན་འཇུ་མི་ཕམ་པ་ནས་བོད་བརྒྱུད་ནང་བསྟན་གསང་སྔགས་སྔ་འགྱུར་བའི་གཞུང་ལུགས་འགྲེལ་སྟངས་དང་ལྟ་གྲུབ་གཏན་ལ་འབེབས་སྟངས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་བསྒྱུར་ཡོད་ལ་འཕེལ་རིམ་གསར་པ་ཞིག་གི་མགོ་ཡང་ཚུགས་ཡོད་ཅེས་བརྗོད་ཆོག
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།