ཉི་ཟླ་ཟིལ་གྱིས་གནོན་པའི་འོད་སྣང་དེ་གང་ན་ཡོད།



རྡོ་རྗེ་ཚེ་སྲུང་གིས། 

ཕྲ་མཐོང་རྒྱང་ཤེལ་གྱིས་མཁའ་དབྱིངས་ཀྱི་རྒྱ་ཁྱོན་མ་བསྐུམས་པའི་སྔ་རོལ་དེར། མི་རྣམས་ཀྱིས་ཉི་མ་དང་། ཟླ་བ་དང་། སྐར་མ་སོགས་ནི་ཆེས་གསང་བ་དང་ངོ་མཚར་གྱིས་ཁེངས་པའི་རང་བཞིན་དུ་བཟུང་ཞིང་ལྷ་རུ་བཀུར་མྱོང་ཡོད། ས་གཞིའི་འཐེན་ཤུགས་དང་། མེ་རླངས་ཀྱི་འབར་གས་ལ་བརྟེན་ནས་ཉི་ཟླ་སྐར་གསུམ་བར་སྣང་ལ་རྒྱུ་ཞིང་འཇིག་རྟེན་ལ་འོད་སྣང་རྒྱུན་དུ་ངོམ། དུས་དང་དུས་སུ་སྤྲིན་གྱི་འདུ་འགོད་དང་། ཉིན་མཚན་གྱི་འཁོར་རེས་ལ་བརྟེན་ནས་ཉི་ཟླ་སྐར་གསུམ་གྱི་འོད་སྣང་ཡང་མི་མངོན་པའི་དབྱིངས་སུ་ཡིབས་པར་འགྱུར།
དེ་རིང་གི་དུས་འདིར། ང་ཚོ་ཟླ་བའི་སྟེང་དུ་ཕྱིན། ལྷའམ་ལྷ་མོ་རུ་ཡིད་ཆེས་མྱོང་བའི་ཟླ་བ་ཡང་རང་རེའི་ལྷམ་ཀོག་ཆེན་པོ་ཚོའི་འོག་ཏུ་མནན། འགྲན་ཟླ་བྲལ་བའི་མིའི་རིགས་ཀྱི་བཟོ་ལས་རིག་རྩལ་གྱི་ཆེ་བ་ངོམ་ཞིང་བསྒྲགས་ཡོད། ཉི་ཟླ་སྐར་གསུམ་གྱི་བེམ་གཟུགས་འོད་སྣང་ད་དུང་ཡང་འཕྲོ་བཞིན་ཡོད་མོད་དམིགས་བསལ་གྱི་ངོ་མཚར་དང་གསང་བ་ཞིག་ལ་ངོས་འཛིན་བྱེད་མཁན་མེད། འཛམ་གླིང་འདི་ཡར་རྒྱས་སུ་བསྙད་པའི་འགྱུར་བ་དེ་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་སྟོང་སང་སང་དང་སྦུགས་དོག་དོག་ཅིག་ཆགས་ཡོང་གིན་ཡོད།
ནང་པ་སངས་རྒྱས་པའི་གསུང་རབ་ལས་འདི་ལྟར་གསུངས་ཡོད། དུས་ཁྱད་པར་ཅན་སངས་རྒྱས་སྐུ་བལྟམས་པ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟ་བུའི་ཚེ་ན་འཇིག་རྟེན་འདིར་འོད་ཆེན་པོ་འབྱུང་། འོད་དེས་ཉི་མ་དང་། ཟླ་བ་དང་། སྐར་མའི་འོད་ཀྱང་མོག་མོག་པོར་བྱེད། མུན་པའི་གླིང་དང་། དམྱལ་བའི་གནས་དག་ཀྱང་སྣང་ཞིང་གསལ་བར་བྱེད་པར་གསུངས་ཡོད། ང་ཚོའི་བཟོ་ལས་རིག་རྩལ་གྱིས་ཉི་ཟླ་སྐར་གསུམ་ཡང་བར་སྣང་ལ་འཁོར་བཞིན་པའི་རྡོ་ཕ་བོང་ཆེན་པོ་རེ་ཡིན་པར་མ་བསྒྲུབས་པའི་ཆེས་སྔ་རོལ་ཞིག་ནས། སྟོན་པ་སངས་རྒྱས་ཀྱིས་འཇིག་རྟེན་འདི་ན་ཉི་ཟླ་སྐར་གསུམ་ལས་ཀྱང་གསལ་ཞིང་སྣང་བའི་བདེན་དོན་ཞིག་མཁྱེན་ཟིན་པ་རེད།
ནུབ་ཕྱོགས་ཀྱི་ཚན་རིག་གིས་ཉི་ཟླ་སྐར་གསུམ་གྱི་གོ་གནས་ཕབ་པ་ཁོ་ན་ཙམ་དུ་མ་ཟད། འཇིག་རྟེན་ཆེན་པོའི་ཁྱིམ་རྒྱུད་ཀྱི་འགྱུར་བ་གླེང་བ་ནས་DNAཡི་གསང་བ་རྙེད་པའི་བར་གྱི་དཀའ་གནད་དང་གསང་བ་མང་པོར་རྩད་གཅོད། སྔོགས་འདོན། བསམ་གཞིག ཁུངས་འདེད་བྱས། དབྱེ་བ་བགར། ད་ནི་གནད་དོན་མི་ཆེ་མི་ཆུང་གི་གསང་བ་ཆེས་ཉུང་ངུ་ཞིག་མ་གཏོགས་མཐིལ་བརྟོལ་ཟིན་པར་འདོད། གསང་བ་ཆེས་ཉུང་ཤས་དེ་ནི་སྲིད་གཞུང་ལ་ངོ་ལོག་གི་གསང་བའི་ཚོགས་སྡེ་གསར་བ་དང་། UFOདང་། བདུད་ཀྱི་ཧོམ་ཁུང་༼ Bermuda Triangle ཞེས་བྱང་ཨ་ཏྲི་ལན་ཏྲིག་གི་རྒྱ་མཚོའི་ས་མིག་ཅིག་ཏུ་གྲུ་གཟིངས་དང་གནམ་གྲུ་སོགས་རང་བཞིན་གྱི་བོར་བརླགས་སུ་འགྱུར་འགྲོ་བའི་གསང་བ་དེ་ཡིན།༽སོགས་རེད།
ཡིན་ན་ཡང་ཁོང་ཚོས་ཆེས་གལ་གནད་ཆེ་བའི་གསང་བ་ཞིག་ད་དུང་ཡང་ལུས་ཡོད། གསང་བ་དེ་ནི་གཞན་གང་དང་ཡང་བསྡུར་ཐབས་མེད་པའི་གལ་ཆེན་ཞིག་ཡིན། དེ་ནི་སངས་རྒྱས་ཞེས་པའི་གོ་འཕངས་ཐོབ་པའི་ཐབས་ལམ་དེ་རེད། དེང་རབས་ཀྱི་ཚན་རིག་པས་ཁ་ཕོ་དང་ང་རྒྱལ་ཆེན་པོ་ཅི་ཙམ་ཞིག་བྱས་ཀྱང་། སངས་རྒྱས་ཀྱིས་བདེན་དོན་ཟབ་མོ་འདི་བསྟན་ནས་མི་ལོ་༢༦༠༠ལ་ཉེ་བའི་དེ་རིང་བར་དུ་དེ་དང་དོ་མཉམ་པའི་བདེན་དོན་གལ་གནད་ཅན་ཞིག་རྗེན་པར་སྟོན་ནུས་པའི་སྐྱེ་བོ་རྐང་གཅིག་ཀྱང་བྱུང་མེད། སྐྱེས་བུ་ཞིག་གིས་མཐར་ཐུག་གི་རང་དབང་ཆེན་པོའི་གོ་འཕངས་དེ་དངོས་སུ་འཐོབ་ནུས་པའི་ལམ་སྟོན་ནུས་མཁན་ནི་སངས་རྒྱས་ཉག་གཅིག་ཡིན། སངས་རྒྱས་ཀྱི་བསྟན་པའི་ལམ་དེ་ནི་ཆེས་ཁ་གསལ་ཞིང་མགོ་རྙོགས་ཆུང་བ་ཞིག་རེད། དེ་ཡང་སངས་རྒྱས་ཀྱི་གོ་འཕངས་ཐོབ་པའི་ས་བོན་ལྟ་བུ་དེ་ད་ལྟ་ནས་ང་ཚོའི་གཤིས་ལ་ལྷུན་གྱིས་གྲུབ་ཡོད་པ་ཞིག་འཕགས་པའི་ལམ་ཡན་ལག་བརྒྱད་ལ་བརྟེན་ནས་རང་ངོ་ཤེས་པ་ལས་ལྷག་ཅིག་མ་རེད།
སངས་རྒྱས་ནི་ལྷ་མ་ཡིན་ལ་ལྷ་ཡི་བུ་ཡང་མིན། ལྷ་ཡིས་མངགས་པའི་ཕོ་ཉ་བ་ཞིག་ཀྱང་མ་རེད། སངས་རྒྱས་ནི་མིའི་བུ་ཞིག་ཡིན་ལ་བྲམ་ཟེའི་ཆོས་ལུགས་ལ་ངོ་རྒོལ་གྱིས་ལྟ་གྲུབ་བཏོད་མཁན་ཞིག་རེད། ཁོང་གི་ལྟ་གྲུབ་དེ་ནི་ལྷ་མཐུ་བོ་ཆེ་ཞིག་གིས་བསྟན་པའི་ལམ་ལ་ཤར་བསྐྱོད་དགོས་པ་ཞིག་མ་ཡིན་པར་མི་ཞིག་གིས་རང་སྟོབས་ཀྱིས་བསམ་གཞིག་དང་བདེན་དོན་འཚོལ་སྟངས་ཤིག་རེད། ཁོང་གི་ཆོས་ནི་ཞིང་ཁམས་གཞན་ནས་རྙེད་པའི་གསུང་འཕྲིན་ཞིག་མིན་པར་མི་ཚེ་འདིའི་རྒ་ན་འཆི་བའི་གཟིགས་སྣང་ལས་མགོ་ཚུགས་པའི་ཤེས་རྟོགས་ཤིག་ཡིན། ཁོང་གི་ལམ་དེ་ནི་དུས་མཆོད་དང་ཆོ་ག་ལ་ལྟོས་མི་དགོས་པར་མི་ཚེའི་ཡང་དག་པའི་བསམ་སྤྱོད་གོང་འཕེལ་དུ་གཏོང་སྟངས་ཤིག་རེད།
ང་ཚོ་འཛམ་གླིང་གི་སྤྱི་ཚོགས་རང་ཤེད་ཇེ་ཆེ་དང་དཀའ་ངལ་ཇེ་མང་དུ་འགྱུར་བཞིན་པའི་དུས་འདིར་ནམ་ཡང་བག་ལ་མི་ཞ་བའི་འོད་སྣང་གཅིག་ཡོད། དེ་ནི་སྟོན་པ་སི་དྷརྠ་གོ་ཏ་མ་ཤཀྱ་ཐུབ་པ་ཡིན། ཁོང་གི་གཏམ་རྒྱུད་དང་རྣམ་ཐར་དེ་དག་ནི་ད་དུང་ཡང་ཆེས་ཡིད་འཕྲོག་པ་ཞིག་ཡིན། སྟོན་པ་སངས་རྒྱས་རང་ཉིད་ཀྱིས་ཐར་པའི་ལམ་ལ་བགྲོད་པའི་ལམ་ཟབ་མོ་དེ་མཁྱེན་ནས་གནས་ལུགས་ཀྱི་བདེན་དོན་ཟབ་མོ་མངོན་དུ་གྱུར་ཅིང་བདེན་པའི་དོན་དེ་གསལ་ཞིང་རྒྱས་པར་བསྟན་ཡོད། སྟོན་པ་སངས་རྒྱས་ཞེས་པའི་ལོ་རྒྱུས་ཀྱི་མི་སྣ་འདི་དུས་ཀྱི་སྤྲིན་གསེབ་དུ་ཡིབས་ཟིན། ཡིན་ན་ཡང་། ཁོང་གི་བསྟན་པ་དམ་པའི་ཆོས་འདི་ནི་ནང་པ་སངས་རྒྱས་པའི་མི་རབས་གོང་མ་ཚོའི་སྙིང་སྟོབས་དང་ཤེས་རབ་ལ་བརྟེན་ནས་ད་དུང་ཡང་རང་ཅག་གི་ཆེད་དུ་བཞུགས་ཡོད།  བདེན་པ་ཉག་གཅིག་སྟོན་པ་སངས་རྒྱས་ཀྱི་གསུངས་འདི་ཡང་ཡུལ་སྲོལ་དང་། ཆོས་ལུགས་གཞན། ཆབ་སྲིད་སོགས་མིའི་གནས་སྐབས་ཀྱི་དགོས་མཁོ་བསྒྲུབས་པའི་གཞན་དབང་དུ་གྱུར་ནས་བསྲེས་ལྷད་ཆེས་མང་པོ་ཞིག་བྱུང་ཡོད་ན་ཡང་ཤེས་རབ་ཅན་དག་གི་ངོར་ད་དུང་ཡང་སངས་རྒྱས་ཀྱིས་བསྟན་པའི་བདེན་དོན་དེ་ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་ཡོད།
དེ་རིང་ནི་ས་ག་ཟླ་བའི་ཚེས་བཟང་རེད། སྟོན་པ་ཐུགས་རྗེ་ཅན་གྱིས་དུས་ཆེན་འདི་རྒྱས་སྤྲོས་ཆེན་པོ་དང་མཐོང་སྣང་ལ་བརྗིད་པོ་ཞིག་ཡོང་དགོས་པའི་དགོངས་བཞེད་མཛད་མེད། སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་བཞེད་ངོ་མ་དེ་ནི་ཁོང་གིས་བསྟན་པ་དམ་པའི་ཆོས་དང་མཐུན་པའི་ཉམས་ལེན་ཞིག་བྱེད་དགོས་པ་དེ་རེད། དེ་རིང་གི་དུས་འདིར་སངས་རྒྱས་ཀྱིས་གསུངས་པའི་ལམ་དེར་ཉམས་ལེན་མངོན་ལྐོག་མེད་པ་ཞིག་སུས་བྱེད་ཀྱིན་ཡོད་ན་དེ་ནི་ཉི་མ་དང་ཟླ་བ་ཡང་ཟིལ་གྱིས་མནན་ནས་འཇིག་རྟེན་འདི་གསལ་བར་བྱེད་པའི་འོད་སྣང་ཆེན་པོ་དེ་ཡིན་ངེས། གཅིག་བྱས་ན་དེ་ནི་ཁྱེད་ཡིན་སྲིད།
ས་ག་ཟླ་བའི་ཉིན་ལ་དད་པ་གློ་བུར་བ་ཞིག་གིས་རྐྱེན་བྱས་ནས་བྲིས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།