བར་དོ་ཐོས་གྲོལ་གྱི་ཆོས་སྐོར་ངོ་སྤྲོད་མདོར་བསྡུས།

རྡོ་རྗེ་ཚེ་སྲུང་།
བར་དོ་ཐོས་གྲོལ་གྱི་ཆོས་སྐོར་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆ་ལག་ཅིག་ཡིན། ཆོས་སྐོར་དེ་གཏེར་སྟོན་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པ་ཞིག་རེད། ཀརྨ་གླིང་པ་ནི་དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་དུས་རབས་བཅུ་བཞི་པའི་ནང་དུ་འཁྲུངས།
རྟེན་སྔགས་འཆང༌། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམ་སྟེ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་སྤྱན་དྲངས། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང༌། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་མི་རབས་གསུམ་གྱི་བར་དུ་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ། དགུང་ལོ་གཞོན་ནུའི་དུས་སུ་གཤེགས། །ཞི་ཁྲོ་དགོངས་པ་རང་གྲོལ་ནི་སྲས་ཉི་ཟླ་ཆོས་རྗེ་ནས་མི་རབས་གསུམ་པ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་བོད་ཆོལ་ཁ་གསུམ་དང་ཁྱད་པར་མདོ་ཁམས་ཤར་ལྷོ་ཀུན་ཏུ་དབང་ལུང་ཁྲིད་རྒྱུན་ལ་སོགས་པ་དང༌། བར་དོ་ཐོས་གྲོལ་ཆེན་པོའི་ངོ་སྤྲོད་དང་ཆོ་གའི་སྒོ་ནས་གཤིན་པོ་ཐར་ལམ་དུ་འདྲེན་པའི་ཕྲིན་ལས་ད་ལྟའི་བར་ཡུལ་ཕྱོགས་ཕལ་མོ་ཆེར་དར་རྒྱས་སུ་བཞུགས་སོ།།
 བོད་དུ་མི་ཞིག་གྲོངས་སྐབས་གཤིན་པོའི་ཆེད་དུ་དགེ་རྩ་སྒྲུབ་པ་དང་ལྷག་པར་ཡང་བླ་མ་ཞིག་གདན་དྲངས་ནས་འཕོ་བ་འདེབས་པ་དང་། དབང་བསྐུར་བ། རིགས་དྲུག་གི་སྒྲིབ་སྦྱོང་གནས་འདྲེན་ཆོ་ག བར་དོའི་ཐིམ་རིམ་དང་འཆར་སྣང་ངོ་སྤྲོད་སོགས་བྱེད། དེ་ཡང་ཆོས་རྒྱུད་སོ་སོར་བརྒྱུད་པ་དང་ཆོ་ག་མི་འདྲ་བ་མང་། དེ་དག་གི་ནང་ནས་གཤིན་ཆོག་རྒྱས་ཤིང་ཆ་ཚང་ཤོས་ཤིག་ནི་གྲུབ་ཐོབ་ཀརྨ་གླིང་པས་གཏེར་ནས་དྲངས་པའི་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་ཡིན་པར་གདོན་མི་ཟ། སྤྱིར་སངས་རྒྱས་པའི་ཐེག་པ་ཐུན་མོང་བའི་ལུགས་གཞིར་བཞག་གིས་བརྩམས་པའི་ཆོས་མངོན་པ་ལས་ཀྱང་བར་དོའི་སྐོར་དང་བར་དོའི་སེམས་ཅན་གྱི་རྣམ་བཞག་བཤད་པ་ཡོད་ཀྱང་བར་དོའི་སེམས་ཅན་ལ་ངོ་སྤྲོད་ཀྱི་ལམ་ནས་ཐར་པར་འདྲེན་པའི་སྐོར་རྒྱས་པར་མ་གསུངས། སྔགས་ཀྱི་ལུགས་སྤྱི་དང་ལྷག་པར་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་ལས་ནི་བར་སྲིད་ཀྱི་སེམས་ཅན་དེ་ལ་ངོ་སྤྲོད་དང་བྱིན་རླབས་བྱས་ནས་ཐར་པར་འདྲེན་པའི་ཆོས་སྐོར་རྩལ་དུ་བཏོན་ནས་རྒྱས་པར་གསུངས་ཡོད།
བར་དོ་ཐོས་གྲོལ་གྱི་སྐབས་སུ་བཤད་པའི་བར་དོའི་སེམས་ཅན་འདྲེན་པའི་གདམས་ངག་དེ་དག་ཀྱང་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཐེག་པ་དམན་པའི་ལུགས་ཀྱི་བར་དོའི་སེམས་ཅན་གྱི་རྣམ་བཞག་ལ་གཞི་མ་བྱས་པ་ཞིག་མིན། དེ་ཡང་དམ་པའི་ཆོས་མངོན་པ་ལས་བར་སྲིད་ཀྱི་སེམས་ཅན་ནི། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༎དབང་པོ་ཀུན་ཚངས་ཐོགས་མེད་རྒྱུ༎ཞེས་གསུངས་ཡོད། ལུང་དོན་དེ་གཞིར་བཞག་ནས་གསང་སྔགས་ཀྱི་ལུགས་བར་དོ་ཐོས་གྲོལ་གྱི་སྐབས་སུ་བར་དོའི་སེམས་ཅན་ལ་ངོ་སྤྲོད་བཏབ་ན་མི་གསོན་པོ་ལ་ངོ་སྤྲོད་བཏབ་པ་ལས་ཀྱང་ཕན་ཐོགས་ཆེ་བར་རྒྱུ་མཚན་རྣམ་གྲངས་ལྔ་དྲངས་ཡོད། ལས་ཀྱི་རྗུ་འཕྲུལ་ལམ་ཟག་བཅས་ཀྱི་མངོན་ཤེས་ཡོད་སྟབས་ངོ་སྤྲོད་པ་པོས་གང་ཞིག་ངོ་སྤྲད་ཀྱང་ཤེས་ནུས་པ་དང་གཅིག དབང་པོ་ཀུན་ཚང་ཡིན་པས་འོན་ལོང་རིག་པ་མི་གསལ་བ་སོགས་ནང་གི་འགོག་རྐྱེན་མེད་པས་ཅི་སྨྲས་པ་གོ་ནུས་པ་དང་གཉིས། བར་དོའི་འཇིགས་སྐྲག་དང་དང་སྡུག་བསྔལ་མང་པོས་གདུང་བས་སྐྱབས་གནས་འཚོལ་བཞིན་ཡོད་པས་ངོ་སྤྲོད་པ་པོས་ཅི་སྨྲས་ལ་ཉན་པ་དང་གསུམ། རྣམ་པར་ཤེས་པ་ལ་ལུས་རགས་པའི་རྟེན་མེད་པས་ཡིད་ཀྱི་འདུན་པ་གར་གཏད་ལ་སླེབས་ནུས་པས་ཁ་ལོ་བསྒྱུར་སླ་བ་དང་བཞི། གསོན་པའི་དུས་ལྟར་མ་ཡིན་པར་རིག་པ་དགུ་འགྱུར་གྱིས་གསལ་བས་ངོ་སྤྲོད་པ་པོས་གསལ་འདེབས་ཅི་བྱས་གཤིན་པོས་སྒོམ་ཤེས་པ་དང་ལྔ། དེ་ལྟ་བུའི་རྒྱུ་མཚན་ལྔ་ལ་བརྟེན་ནས་གཤིན་པོ་ལ་ངོ་སྤྲོད་འདེབས་དགོས་པར་འདོད།
སྤྱིར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་ལས་བར་དོ་ཐོས་གྲོལ་ནི་གཤིན་པོ་ཁོ་ན་ལ་ངོ་སྤྲོད་འདེབས་པའི་གདམས་ངག་ཁོ་ན་མ་ཡིན་པར་གསོན་པོའི་དུས་སུ་ཉམས་ལེན་གྱི་རིམ་པ་མང་པོ་ཞིག་ཀྱང་བཞུགས། དེ་ཡང་མན་ངག་འདིའི་ལུགས་ལ་ཤི་གསོན་གྱི་གནས་སྐབས་ཐམས་ཅད་སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ།། སྲིད་པ་བར་དོ་བཅས་བར་དོ་དྲུག་གི་རང་བཞིན་དུ་གཏན་ལ་ཕབ་ནས་བར་དོ་རེ་རེ་བཞིན་དུ་ཉམས་ལེན་གྱི་གནད་རེ་རེ་བསྟན་ནས་གྲོལ་བའི་གོ་སྐབས་དྲུག་གསུངས་ཡོད། གལ་སྲིད་གསོན་པའི་དུས་ཉམས་ལེན་གྱི་རྟོགས་པ་གང་འཚམས་ཡོད་ན་ལྟ་ཅི་སྨྲོས། ངོ་སྤྲོད་ཐོབ་པའི་བག་ཆགས་ཙམ་ཡོད་ཀྱང་ཤི་བའི་སྔ་རྗེས་སུ་ངོ་སྤྲོད་བཏབ་པ་ཙམ་གྱིས་ངོ་སྤྲོད་ཐེབས་སླ་བས་ཕན་ཐོགས་ཆེན་པོ་ཡོད་པར་གསུངས་ཡོད། ཡིན་ན་ཡང་ངོ་སྤྲོད་བྱ་ས་དེ་གཤིན་པོི་ཡིན་ན་དེ་མཐའ་གཅིག་ཏུ་གསོན་པའི་དུས་སུ་དབང་ཁྲིད་ཐོབ་མྱོང་མཁན་ནམ་ཉམས་ལེན་སྔོན་དུ་སོང་ཟིན་པ་ཞིག་དགོས་པའི་ངེས་པ་མེད།
དེ་ཡང་གཤིན་པོ་ལ་ངོ་སྤྲོད་སྟངས་ནི་འཆི་བ་ཆོས་སྐུར་ངོ་སྤྲོད་པ་དང་། བར་དོ་ལོངས་སྐུར་ངོ་སྤྲོད་པ། སྐྱེ་བ་སྤྲུལ་སྐུར་ངོ་སྤྲོད་པ་ཞེས་པ་དེའི་ནང་དུ་མ་འདུས་པ་མེད། དེ་དག་རེ་རེ་བཞིན་ཞིབ་ཕྲ་བྱས་ནས་འཆི་བའི་དུས་སུ་ཐིམ་རིམ་གྱི་སྣང་བ་རེ་རེ་ནས་འཆར་སྟངས། ཤི་ཟིན་པའི་རྗེས་སུ་སྒྲ་འོད་ཟེར་དང་སྐུའི་སྣང་བ་རེ་རེ་ནས་འཆར་སྟངས། དེ་དག་གི་མཚོན་དོན་ནམ་དེ་ལྟར་འཆར་དོན། དེ་དག་ངོ་ཤེས་པར་བྱས་པའི་ཕན་ཡོན་སོགས་རྒྱས་པར་སྟོན། དེ་བཞིན་དུ་སྲིད་པ་བར་དོའམ་སྐྱེ་བ་ཕྱི་མ་ལེན་པར་མགོ་རྩོམ་པའི་སྐབས་སུ་མངལ་སྒོ་འདེམས་སྟངས་དང་དམིགས་པ་འཛིན་སྟངས་ཞིབ་པར་ངོ་སྤྲོད་བྱེད།  
བར་དོ་ཐོས་གྲོལ་ཆེན་མོའི་ཁྱད་ཆོས་གཞན་ཞིག་ནི་ཚིག་བརྗོད་ཀྱི་ཆ་ལ་ཕལ་སྐད་གོ་བདེ་བ་སྤྱད་ཡོད་པས་ཆོས་ལུགས་ལ་ཆེད་སྦྱོང་མ་བྱས་པའི་མི་ཞིག་གིས་བཀླགས་ཀྱང་དོན་གོ་སླ་། ཡི་གེ་མི་ཤེས་མཁན་ཞིག་གི་རྣ་བར་བཀླགས་ཀྱང་ནང་དོན་ཕལ་ཆེར་རྟོགས་སླ། འོན་ཀྱང་ཉམས་ལེན་དང་ཞིབ་འཇུག་སྤུས་དག་བྱེད་པར་འདོད་ན་ངེས་པར་ཆོས་ཚན་དེའི་དམིགས་བསལ་ཁྲིད་རྒྱུན་ཡོད་པའི་སློབ་དཔོིན་ཞིག་གི་དྲུང་ནས་སློབ་ཁྲིད་ཞིབ་པ་ཞིག་ཐོབ་དགོས་པ་སྨྲོས་ཅི་དགོས།
མཇུག་བསྡུ། དེ་ཡང་མི་མང་པོ་ཞིག་གིས་བར་དོ་ཐོས་གྲོལ་ཟེར་དུས་རིག་པའི་གཞུང་ལུགས་ཤིག་ཡིན་པ་མི་ཤེས་ཤིང་གཟུངས་སྔགས་སམ་ཆོ་ག་ལྟ་བུ་རྐྱང་པ་ཞིག་ཡིན་པར་སེམས་མཁན་ཡོད་ངེས་པ་དང་། ཕྱི་སྐད་དུ་བསྒྱུར་བའི་མཚན་བྱང་ལ་ཡང་བོད་ཀྱི་འཆི་དེབ་ཅེས་པ་ལྟ་བུ་ནང་དོན་དང་དེ་ཙམ་མ་འབྲེལ་བའི་མིང་ཁྱད་མཚར་བཏགས་པ་སོགས་ལ་བརྟེན་ལ་ལ་ཞིག་གིས་བོད་རང་གི་གནའ་བོའི་སྲོལ་རྒྱུན་ཡིད་ཆེས་ཀྱི་རྣམ་བཞག་ལྟ་བུ་ཞིག་ཏུ་སེམས་མཁན་ཡང་ཡོད་སྲིད། ཡིན་ན་ཡང་བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ནི་སངས་རྒྱས་ཆོས་གཞུང་སྤྱིའི་ནང་གི་བར་དོའི་སྐོར་རྣམས་གབ་པ་ཕྱུངས། འཐོར་བ་བསྡེབས། མན་ངག་གིས་ཟུར་བརྒྱན་ཏེ་བར་དོའི་རྣམ་བཞག་རྒྱས་པར་སྟོན་པ་དང་། བར་དོའི་ཉམས་ལེན་གྱི་གདམས་ངག་ཆ་ཚང་བ་ཞིག་ཡིན་པས་སངས་རྒྱས་པའི་དད་ལྡན་དང་ཞིབ་འཇུག་པ་ཚོས་སྣང་ཆུང་མི་མཛད་པར་ཀློག་འོས་པ་ཞིག་རེད།


འདི་ཀའི་ཡིག་ཆ་རྣམས་བརྐུ་བཤུ་བརྒྱུད་འགོད་མ་བྱེད་རོགས།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།