རྡོ་རྗེ་ཚེ་སྲུང་གིས་བརྩམས།
ཨ་ཡན་ཧར་སི་ཨ་ལི་མཆོག་ནི་ཨ་ཧྥི་རི་ཁའི་གླིང་གི་ཡུལ་སོ་མ་ལི་ཡ་རུ་༡༩༦༩ལོར་སྐྱེས། ང་ཚོས་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་ཚོའི་མི་ཚེའི་ལོ་རྒྱུས་མང་དུ་བཀླགས་ཡོད་ཅིང་ལོ་རྒྱུས་དེ་རིགས་ལ་རྣམ་ཐར་ཞེས་འདོགས། དེ་ཡང་ཁོང་ཚོའི་མི་ཚེའི་ལོ་རྒྱུས་དེ་དག་ལས་སྐྱེས་བུ་ཞིག་སྡུག་བསྔལ་ལས་ཐར་བའི་བརྒྱུད་རིམ་སྟོན་པའམ་སྐྱེས་བུ་ཞིག་གི་མི་ཚེའི་ལོ་རྒྱུས་ལ་བརྟེན་ནས་ཀློག་པ་པོ་ལ་ཐར་པའི་ལམ་སྟོན་པའི་ཆ་ནས་རྣམ་ཐར་ཞེས་བཏགས་པ་ཡིན་ནམ་སྙམ། ཡན་ཧིར་སི་ལི་མི་ཚེའི་ལོ་རྒྱུས་འདིའི་མིང་ལ་ཆོས་མེད་པར་འདོད་པའམ་ཆོས་ལ་ཡིད་ཆེས་མེད་མཁན་ཞེས་བཏགས་འདུག ནང་དོན་གྱི་ཆ་ནས་ཆོས་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་ཚུལ་སྟོན་པའི་རྣམ་ཐར་དང་བསྡུར་ན་ཏག་ཏག་ལྡོག་ཕྱོགས་ཤིག་རེད། ཡིན་ན་ཡང་ཆོས་དད་ཟེར་བའི་སེམས་ཁམས་ཀྱི་གཟེབ་དྲྭ་འདིའི་ཕྱི་ལོགས་སུ་ཐོན་ནས་བལྟས་ཚེ་ཡན་ཧར་སི་ལིའི་མི་ཚེའི་ལོ་རྒྱུས་འདི་ཡང་ངེས་པ་དོན་གྱི་རྣམ་ཐར་ཆེན་མོ་ཞིག་རེད། དེ་ཡང་རྙིང་ཞེན་ལས་ཐར་དེ་དེང་རབས་པར་གྱུར་ཚུལ་དང་། རྨོངས་དད་ལས་ཐར་དེ་རྣམ་དཔྱོད་ཅན་དུ་གྱུར་པ། གཞན་དབང་ལས་ཐར་དེ་རང་དབང་ཅན་དུ་གྱུར་པ། བག་འཁུམས་ལས་ཐར་དེ་སྣེ་ཁྲིད་པར་གྱུར་པ། ཁྱིམ་སྲུང་རུས་འདེད་ལས་ཐར་དེ་སྒེར་ཚུགས་ཅན་དུ་གྱུར་པ་སོགས་ཀྱི་འཕོ་འགྱུར་གྱི་བརྒྱུད་རིམ་མང་པོ་ཞིག་ཆེས་ཞིབ་ཚགས་དང་། གོ་རིམ་འགྲིགས་པ། རྒྱུ་མཚན་གྱིས་འདངས་བ། ཁ་གསལ་གོ་བདེའི་ཐོག་ནས་སྟོན་པའི་རྣམ་ཐར་ཞིག་རེད།
ཨ་ཡན་ཧིར་སི་ཨ་ལི་ནི་དབུས་ཤར་ཡུལ་གྲུ་དང་། ཨ་རབ་གླིང་སྣེ། ཨ་ཧྥི་རི་ཁའི་སྡེ་ཚོ་མང་པོའི་སྤྱི་ཚོགས་སུ་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པའི་ ཨི་ཟི་ལམ་གྱི་ཆོས་ལུགས་དད་མོས་ཀྱིས་བར་མཚམས་མེད་པར་བཏུམས་པའི་ཁྱིམ་སྦུགས་དོག་མོ་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ཡིན་དང་ཡིན། ཕ་ཡི་རྒྱང་བསྐྱུར་དང་། མ་ཡི་གཅར་རྡུང་། མིང་པོའི་བསུན་གཙེར། ཁྱིམ་མཚེས་ཀྱི་སྐྱོན་འདོགས། ཆོས་དཔོན་གྱི་དྲག་འཚེ། མཚན་མ་འབྲེག་བཙེམ་སོགས་གཞོན་ནུ་མ་ཞིག་གིས་འཁུར་འོས་པའི་ན་ཟུག་ཚང་མ་མྱང་། ཡིན་ན་ཡང་ལ་ལ་དང་ཁུ་རན་ཁོ་ནས་མིའི་རིགས་ཀྱི་བསམ་སྤྱོད་ལ་ཐིག་ཚད་བྱེད་དགོས་པའི་གྲུབ་མཐའ་དེར་བློ་གཅིག་སེམས་གཅིག་གིས་འབྲངས་ཤིང་སྡེ་ཚོ་དེའི་ནང་གི་ན་མཉམ་བུ་མོ་ཚོའི་ཁྲོད་དུ་རང་གི་ལང་ཚོ་དར་བའི་ལུས་པོ་དེའི་སྤྱི་གཙུག་ནས་རྐང་མཛུབ་བར་སྒྱེ་ལྭ་ནག་པོའི་ནང་དུ་སྦེད་མཁན་ཐོག་མ་རུ་གྱུར།
༡༩༩༢ལོ་སྟེ་ལོ་ན་ཉེར་གཉིས་སུ་སོན་སྐབས་ཕ་ཡིས་བཀའ་བསྒོ་དམ་བཞག་དང་འབྲེལ་ནས་ཁེ་ན་ཌར་གནས་སྡོད་བྱེད་པའི་ལོ་ན་གཞོན་ཞིང་གཟུགས་སྟོབས་ཆེ་བའི་ཕོ་གསར་ཞིག་ལ་མནའ་མར་སྟེར་བའི་འཆར་གཞི་དེ་ལ་ངོས་ལེན་གཏན་ནས་མ་ནུས་ཀྱང་ཕྱི་ཚུལ་དུ་ཁས་ལེན་མི་བྱེད་ཐབས་མེད་བྱུང་། ཁེན་ཡའི་རྒྱལ་ས་ནེ་རོ་བྷེ་ནས་ཁེ་ན་ཌའི་བར་གྱི་གནམ་འགྲུལ་གྱི་སྐབས་སུ་འཇར་མི་ནི་རུ་གནམ་གྲུ་བརྗེ་སྤོར་བྱེད་པའི་གོ་སྐབས་དང་བསྟུན་ནས་ཧོ་ལན་ཌི་རུ་གབ་ཡིབས་ཀྱི་སྐྱབས་བཅོལ་གནས་བབ་དགོས་པའི་སྙན་ཞུ་ཕུལ། འདོད་པ་དོན་ཐོག་ཏུ་འཁྱོལ་ཉིན་ནས་ཌད་ཆིའི་སྐད་ཡིག་སྦྱངས་བརྩོན་དང་འབྲེལ་ནས་སྐད་སྒྱུར་ལས་ཀས་འཚོ་ཐབས་བཙལ། མི་འགྱངས་བར་མཐོ་སློབ་ཏུ་ཚུད་དེ་ཆབ་སྲིད་རིག་པའི་སྡེ་ཚན་ནས་སློབ་མཐར་ཕྱིན། སྐབས་དེིའི་རིང་ནུབ་ཕྱོགས་མཚན་ཉིད་རིགས་པས་ཡིད་དབང་འཕྲོག་ཀྱང་ཁུ་རན་ཨལ་ལ་གཉིས་ལ་ཉིན་ཞིག་འགྱོད་བཤགས་ཡག་པོ་བྱེད་དགོས་བསམ་པའི་འཁྲུལ་སྣང་ཞིག་འདོར་དུ་མ་བཏུབ། ཧོ་ལན་ཌིའི་ངལ་རྩོལ་ཚོགས་པའི་རྒྱུན་ལས་ཁང་དུ་ཞིབ་འཇུག་པ་གཞོན་པ་ཞིག་གི་ལས་སྣེ་ཐོབ་ཡོད་སྐབས་སུ་༩་༡༡གི་དོན་རྐྱེན་བྱུང་བའི་རྐྱེན་གྱིས་མོ་ཧ་མོད་ཀྱིས་བསྟན་པའི་ཟི་ལམ་གྱི་ཆོས་ལུགས་དེ་ནི་ཁོང་རང་ཉིད་གང་ཏུ་གཏོགས་པའི་སྤྱི་ཚོགས་དེའི་ནད་ཀྱི་འབྱུང་གཞི་དང་གདོན་གྱི་སྣེ་འདྲེན་ངོ་མ་དེ་ཡིན་པའི་ངེས་ཤེས་གཏིང་ཚུགས་པ་བྱུང་། ཉིན་དེ་ནས་ཨལ་ལ་དང་ཁུ་རན་གཉིས་ཀྱིས་བསྐྱེད་པའི་ལྟ་གྲུབ་དེ་ཀླད་ཁམས་ཆེན་པོའི་གཏིང་ནས་ཕྱིར་འབུད་བྱས་ཤིང་དེ་ལུགས་ཁྱབ་བསྒྲགས་ཀྱང་བྱས། རྒྱལ་ཡོངས་ཀྱི་ཀློག་བརྙན་སྟེང་གི་བགྲོ་གླེང་ཐེངས་མང་པོའི་སྐབས་སུ་ཟི་ལམ་གྱི་ཆོས་ལུགས་ལ་སྐྱོན་བརྗོད་གཡོལ་ཐབས་མེད་པ་ཐེངས་མང་དུ་བྱས། སྐབས་དེར་ཧོ་ལན་ཌིའི་ནང་དུ་སྐྱེས་པའི་མི་རབས་གཉིས་པ་དང་གསུམ་པའི་མོ་རོ་ཀན་པ་དང་། སོ་མ་ལི་ཡ་པ། ཏྲུར་ཀེ་བ་སོགས་ཨི་་ཟི་ལམ་ཀྱི་ཆོས་དད་པ་གཞོན་ནུ་ཚོས་ཀྱང་མོར་ངོ་རྒོལ་ཤུགས་ཆེན་བྱེད་པའི་མཐོང་སྣང་དེས་ན་གཞོན་དེ་དག་ནི་རྒྱ་མཚོའི་གཏིང་གི་རྡོ་བཞིན་ཡར་སྐྱེད་མ་བྱུང་བར་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་པའི་ནུས་སྟོབས་སྐྱེས་མེད་པ་དེས་མོར་བློ་ཕམ་ཆེན་པོ་བྱུང་ཡང་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ལ་རྒོལ་རྡུང་གཏོང་མཚམས་གཏན་ནས་འཇོག་འདོད་མ་བྱུང་། ཕ་མ་དང་སྤུན་སྲིང་ཚང་མས་ཕ་མེས་ཀྱི་ཆོས་ལ་སྒྲོ་སྐུར་མི་འདེབས་པའི་རེ་སྐུལ་དང་གནོན་ཤུགས་མང་པོ་སྤེལ་ཡང་རང་ཉིད་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བར་འགན་བབ་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་ཕ་ལ་ཕར་འཛིན་པ་དང་། མ་ལ་མར་འཛིན་པའི་གུས་བརྩིའི་སྲི་ཞུ་ཆད་མེད་དུ་ཞུས་པ་མ་གཏོགས་ཆོས་ལུགས་ཀྱི་དད་པ་དམ་ཚིག་གི་ཆ་ནས་ལོང་བས་ལོང་བ་ཁྲིད་པ་ལྟ་བུའི་ཕ་མའི་རྗེས་འབྲངས་བ་ཞིག་ཏུ་གཏན་ནས་འགྱུར་འདོད་མ་བྱུང་། རྐྱེན་དེས་ས་ཆེན་པོའི་སྟེང་གི་ཟི་ལམ་ལམ་གྱི་ཆོས་ལུགས་པ་སྤྱི་དང་ཁྱད་པར་དུ་ཡང་ཧོ་ལན་ཌིའི་ནང་གི་ཟི་ལམ་ཀྱི་ཆོས་ལུགས་པ་མང་པོས་ཚེ་སྲོག་ལ་འཇིགས་སྐུལ་གྱི་བརྡ་འཕྲིན་མང་པོ་ཆད་མེད་དུ་འབྱོར་བས་ཧོ་ལན་ཌིའི་པུ་ལི་སིའི་སྡེ་ཚོགས་ཀྱིས་སྣང་མེད་དུ་འཇོག་ཐབས་མ་བྱུང་བས་ཡུ་རོ་ས་ཡ་གསུམ་དང་ཕྱེད་ཀྱི་འགྲོ་གྲོན་བཏང་སྟེ་མོའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས་བྱུང་།
རིམ་གྱིས་ཧོ་ལན་ཌིའི་གྲོས་ཚོག་འཐུས་མིའི་གྲས་སུ་བདམས་ཐོན་བྱུང་། ཆོས་ཟབ་ས་ན་བདུད་ཟབ་པའི་དཔེ་བཞིན་དུ་མོ་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཆེ་བ་དང་། མོས་ཨི་ཟི་ལམ་གྱི་ཆོས་ལུགས་ལ་རྒོལ་རྡུང་བཏང་སྟབས་ཆོས་ལུགས་དེའི་དད་ཞེན་པ་ཚོས་ཐབས་ལམ་འདྲ་མིན་སྣ་ཚོགས་བཀོལ་ནས་མོར་གནོན་ཤུགས་ཆེ་བ། ཨི་ཟི་ལམ་དར་ཁྱབ་ཆེ་བའི་ཡུལ་གྲུ་ཚོའི་བུད་མེད་ཀྱི་གནས་སྟངས་སྐོར་ལ་གློག་བརྙན་འགྲེམ་སྟོན་ཐུང་ངུ་ཞིག་བྱས་པའི་རྐྱེན་གྱིས་མོའི་གྲོགས་པོ་ཡག་ཤོས་ཤིག་གི་ཚེ་སྲོག་ཤོར་བ། མོའི་བྱེད་སྟངས་དེའི་ཧོ་ལན་ཌིའི་གཞུང་ལ་ཕན་གནོད་གང་འགྱུར་གྱི་ཉེན་འགན་ཆེ་བས་མོ་ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་སུ་རང་མིང་དང་སྐྱབས་བཅོལ་དུ་ཡོང་དགོས་པའི་དོན་གནད་ངོ་མ་གསང་བ་བྱས་པའི་ཉེས་འཛུགས་བྱས་རྐྱེན་གྱིས་སྟབས་བདེ་མ་བྱུང་བས་མོས་གྲོས་ཚོགས་ལས་དགོངས་ཞུ་བྱས། ཐ་མ་ཧོ་ལན་ཌིའི་མི་སེར་ངོས་འཛིན་ཕྱིར་བསྡུ་བྱེད་དགོས་མིན་གྱི་གླེང་རྙོགས་བྱུང་། སྐབས་དེར་ཨ་མེ་རི་ཁའི་གཞུང་གིས་ཡན་ཧིར་སི་ལི་ནི་ཆེས་བཀུར་བར་འོས་པ་དང་སྲུང་སྐྱོབ་བྱ་བར་འོས་པའི་དཔའ་མོ་ཞིག་ཡིན་སྟབས་གལ་སྲིད་ཨ་མེ་རི་ཁའི་ཡུལ་དུ་བཞུགས་འདོད་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ། ཁོང་ཨ་མེ་རི་ཁར་བཞུགས་གཏན་ཁེལ་ཚར་རྗེས་སུ་ཧོ་ལན་ཌིའི་གཞུང་གིས་ཀྱང་ཧོ་ལན་ཌིར་བཞུགས་ཆོག་པར་ཐག་གཅོད་བྱས། མདོར་ན་ཡན་ཧིར་སི་ལིས་སྨྲ་བརྗོད་རང་དབང་དང་འདྲ་མཉམ་ཞི་བདེ་བཅས་ཀྱི་དོན་དུ་བློས་བཏང་བྱས་པར་ཚད་དང་གྲངས་མེད་པ་ཞིག་རེད། ཐ་ན་རང་གི་ཚེ་སྲོག་ཀྱང་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་དྲག་ཆས་ཐོགས་པའི་ཉེན་རྟོག་པས་སྲུང་དགོས་པའི་ཚད་དུ་སླེབས་འདུག
མོས་ད་ལྟ་བར་དུ་རྩོམ་ཡིག་ཆེས་མང་པོ་ཞིག་སྤེལ་ཡོད། དེབ་གཟུགས་དཔར་བསྐྲུན་འགྲེལ་སྤེལ་བྱས་པར་པོད་ལྔ་ཡོད། ༼བུ་ཡི་བཟོ་གྲྭ༽ The Son Factory: About Women, Islam and Integration ནི་ཧོ་ལན་ཌིར་གནས་སྡོད་བྱེད་བཞིན་པའི་སོ་མ་ལི་ཡའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ཞིག་རེད། ༼གཟེབ་དྲྭའི་ནང་དུ་ཚུད་པའི་གྲོང་ཆོས་ཀྱིས་མ་གོས་པའི་བུད་མེད༽་ནི་ཟི་ལམ་གྱི་ཆོས་ལུགས་དར་བའི་སྤྱི་ཚོགས་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་རེད། ༼ཆོས་ལ་ཡིད་མི་ཆེས་མཁན་ཡན་ཧིར་སི་ལི་ངའི་མི་ཚེ༽་ནི་མོ་རང་གི་མི་ཚེའི་ལོ་རྒྱུས་ཤིག་རེད། ཉེ་ཆར་བཏོན་པའི་༼འགྲུལ་བསྐྱོད་པ། མིའི་རིགས་ཀྱི་གདོང་ཐུག་ཆེན་མོའི་ཁྲོད་དུ་བསྐྱོད་པའི་མི་སྒེར་གྱི་འགྲུལ་བཞུད༽ཅེས་པ་དེ་ནི་རང་ཉིད་ཀྱི་རྨོ་མོ་ནས་མགོ་བཙུགས་ཏེ་རང་ཉིད་ཀྱི་སྐྱེས་ལ་ཉེ་བའི་བུ་མོ་དེ་ལ་འཕྲིན་ཡིག་ཅིག་གིས་མཇུག་བསྡུས་པ་སྟེ་མདོར་ན་རང་ཉིད་འཚོ་ཞིང་གནས་སྡོད་བྱེད་མྱོང་བའི་ཡུལ་སྡེ་དེ་དག་གི་འཁྲུག་ལོང་སྡེ་གཟར་གྱི་རིགས་ལ་ཞིབ་གླེང་བྱས་པ་ཞིག་རེད། ༼་པའི་མྱུར་ལམ༽་ནི་ཐོན་ལ་ཉེ་བའི་དེབ་ཅིག་རེད། དེབ་དེའི་ནང་དོན་ནི་ཟི་ལམ་གྱི་སྟོན་པ་མོ་ཧ་མོད་གློ་བུར་དུ་མེ་རི་ཁའི་དཔེ་མཛོད་ཆེན་པོ་ཞིག་གི་ནང་དུ་གཉིད་ལས་སད་པའི་འཆར་སྣང་གི་དེབ་ཅིག་རེད་ཟེར།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།