རྡོ་རྗེ་ཚེ་སྲུང་གིས་བརྩམས།
ཉག་རྐེད་རི་ནང་དཔོན་དཔལ་མགོན་གྱི་བུ་མགོན་པོ་རྣམ་རྒྱལ་གྱིས་ལོ་རབས་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་དུ་རང་གི་སྐྱེས་ཡུལ་ཉག་རོང་ནས་མགོ་བཙུགས་ཏེ་ཁམས་ཕྱོགས་ཀྱི་ཡུལ་ལུང་མང་པོ་དྲག་པོའི་ལམ་ནས་རང་གི་དབང་འོག་ཏུ་བཅུག་ཅིང་དབང་བསྒྱུར་བྱས།
དེ་ཡང་ཉག་རྐེད་མགོན་པོ་ཐོག་མར་དཔོན་རིགས་མཐོན་པོའི་བུ་རྒྱུད་ཅིག་མིན་ན་ཡང་དྲག་པོའི་དམག་ཇག་གི་ལས་ཐབས་ལ་མཁས་ཤིང་དཔའ་སྟོབས་ལྡན་པ་ཞིག་ཡིན་པས་ཉེ་འཁོར་གྱི་ཏྲེ་ཧོར།རྫ་མགོ་གསེར་གསུམ། འབའ་ལི་མི་ཉག་སོགས་ལ་རིམ་གྱིས་དམག་དྲངས་ནས་ཡུལ་སྡེ་མང་པོ་དབང་བསྒྱུར་བྱས་ཤིང་དཔོན་རིགས་གསར་བསྐོས་བྱས།ཁམས་ཕྱོགས་ཀྱི་རྒྱལ་ཕྲན་སྟོབས་འབྱོར་མངའ་ཐང་ཆེ་གྲས་སྡེ་དགེ་རྒྱལ་པོའི་ཁྱིམ་གཞིས་ཀྱི་རྒྱལ་མོ་དང་རྒྱལ་སྲས་མི་གཏར་ཉར་བ་སོགས་བྱས་ཤིང་ཉག་རྐེད་མགོན་པོའི་དབང་ཤུགས་འབྲི་ཆུའི་ནུབ་རྒྱུད་དུ་སླེབས།
དེ་ཡང་ཉག་རྐེད་མགོན་པོ་ཐོག་མར་དཔོན་རིགས་མཐོན་པོའི་བུ་རྒྱུད་ཅིག་མིན་ན་ཡང་དྲག་པོའི་དམག་ཇག་གི་ལས་ཐབས་ལ་མཁས་ཤིང་དཔའ་སྟོབས་ལྡན་པ་ཞིག་ཡིན་པས་ཉེ་འཁོར་གྱི་ཏྲེ་ཧོར།རྫ་མགོ་གསེར་གསུམ། འབའ་ལི་མི་ཉག་སོགས་ལ་རིམ་གྱིས་དམག་དྲངས་ནས་ཡུལ་སྡེ་མང་པོ་དབང་བསྒྱུར་བྱས་ཤིང་དཔོན་རིགས་གསར་བསྐོས་བྱས།ཁམས་ཕྱོགས་ཀྱི་རྒྱལ་ཕྲན་སྟོབས་འབྱོར་མངའ་ཐང་ཆེ་གྲས་སྡེ་དགེ་རྒྱལ་པོའི་ཁྱིམ་གཞིས་ཀྱི་རྒྱལ་མོ་དང་རྒྱལ་སྲས་མི་གཏར་ཉར་བ་སོགས་བྱས་ཤིང་ཉག་རྐེད་མགོན་པོའི་དབང་ཤུགས་འབྲི་ཆུའི་ནུབ་རྒྱུད་དུ་སླེབས།
ཉག་རྐེད་མགོན་པོས་ལྷ་སར་དཔུང་འཇུག་གིས་སྡེ་པ་གཞུང་དབང་བསྒྱུར་བྱ་རྒྱའི་འཆར་གཞི་དང་སྦིར་གཏམ་སྤེལ་བ་དང་།ཉག་རྐེད་མགོན་པོའི་དྲག་ཤུགས་ཀྱིས་ཁམས་ཀྱི་ཡུལ་སྡེ་མང་པོ་དབང་འོག་ཏུ་བསྡུས་པས་མན་ཇུ་གོང་མ་དང་བོད་དབུས་སྡེ་པ་གཞུང་གི་བར་གྱི་འབྲེལ་གཏུག་གི་ལམ་ལ་འགོག་རྐྱེན་དང་།ཉག་རྐེད་མགོན་པོས་མན་ཇུ་ལ་མཐུན་ལམ་མ་བྱས་པར་བརྟེན་མན་ཇུའི་གཞུང་ལ་དོགས་པ་འཇིགས་སྣང་བསླངས་བས་བོད་གཞུང་ལ་ཉེན་བརྡ་དང་དཔུང་འཇུག་གིས་མེད་པ་བཟོ་དགོས་པའི་ཡི་གེ་ཐེངས་མང་དུ་བཏང་འདུགཏྲེ་ཧོར་བྲག་འགོ་སོགས་ཀྱི་དཔོན་རིགས་མང་པོ་ཞིག་སྡེ་པ་གཞུང་ལ་སྐྱབས་བཅོལ་ཞུ་བར་དབུས་ཕྱོགས་སུ་འབྱོར།ཆུ་ཕག་ཕྱི་ལོ་༡༨༦༣ལོའི་ཟླ་༢པའི་ཚེས་༩ཉིན་སྡེ་པ་གཞུང་གི་དམག་དོན་སྤྱི་ཁྱབ་ཕུ་ལུང་པ་ཚེ་དབང་རྡོ་རྗེ།དབུས་མདའ་དཔོན་ཁྲི་སྨོན་པ་འཆི་མེད་རྡོ་རྗེ། དབུས་མདའ་དཔོན་མདོ་མཁར་བ་ཚེ་དབང་ནོར་བུ་སོགས་ཀྱིས་བོད་ཀྱི་གཞུང་དམག་ཆིག་སྟོང་བརྒྱད་བརྒྱའི་སྣེ་དྲངས་ནས་ལྷ་ས་ནས་རྡོག་ཐོན་དང་།ལམ་བར་དུ་ཤོ་སྟར་ལྷོ་གསུམ་དང་། རི་ཆབ་དཔའ་གསུམ། སྨར་མཛོ་ས་གསུམ་སོགས་ཀྱི་ཡུལ་དམག་བསྡུ་རུབ་བྱས་ནས་ལོ་གཉིས་ཀྱི་རིང་དམག་འཁྲུགས་བྱས།ཉག་རོང་ས་བཙན་ཆེ་སྟབས་ཉག་རྐེད་མགོན་པོ་དང་ཁང་གསར་ལྷ་དར་སོགས་ཀྱིས་དམག་གི་བཀོད་འདོམས་བྱས་ནས་འགོག་རྒོལ་བྱས་པས་སྡེ་པ་གཞུང་ཕྱོགས་སུ་མི་གྲོན་ཆེན་པོ་བྱུང་།བྲག་འགོ་བླ་མ་ལྷ་སྐྱབས་ཟེར་བས་ས་སྣེ་ལམ་རྒྱུས་བྱས་པར་བརྟེན་སྡེ་པ་གཞུང་གི་དམག་ཉག་རོང་ལུང་པར་འཛུལ་ཐུབ་པ་བྱུང་།དེར་ཡང་ཉག་རྐེད་མགོན་པོ་དང་བོད་གཞུང་དམག་གི་བར་ལ་འདུམ་འགྲིགས་དང་མནའ་བཅད་བྱས་པའི་ཟོལ་གྱིས་ཉག་རྐེད་མགོན་པོ་ཕ་བུ་སོགས་ཅུང་ཟད་བག་ལྷོད་ངང་གནས་ཡོད་པའི་སྐབས་དང་བསྟུན་ནས་ཤིང་གླང་ཕྱི་ལོ་༡༨༦༥ལོའི་ཟླ་པའི་ནང་དུ་མཁར་རྫོང་བསྐོར་ཞིང་ཟླ་༨པའི་ཚེས་༡ཉིན་མཁར་རྫོང་མེར་བསྲེགས་ཏེ་དཔོན་འཁོར་བདུན་ཅུ་ལྷག་ཅིག་མེར་བསྲེགས།
གང་ལྟར་ཡང་སྐབས་དེར་ཉེ་འཁོར་གྱི་ཡུལ་སྡེ་ཚང་མ་ཡང་ཉག་རྐེད་མགོན་པོ་ལ་འགྲན་ནུས་མཁན་ཞིག་མེད་པས་དེ་མུར་ལོ་ཤས་ལུས་ན་མདོ་ཁམས་ཕྱོགས་ཀྱི་ཡུལ་སྡེ་མང་པོ་ཞིག་ཁོ་རང་གི་དབང་འོག་ཏུ་ཚུད་པར་ཐེ་ཚོམ་མེད་པ་དང་།དེ་ནས་དབུས་གཙང་གི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཆར་གཞི་ཡོད་ངེས་རེད། ཉག་རྐེད་མགོན་པོ་རྣམ་རྒྱལ་རང་གི་དབང་འོག་ཏུ་འདུ་ཐུབ་མིན་ཅི་རིགས་ཡོད་ཀྱང་ཁོ་པའི་དམག་ཤུགས་སླེབས་ཡུལ་དེ་མདོ་ཁམས་རྒྱུད་ཀྱི་ཡུལ་ལུང་ཧ་ཅང་མང་པོ་ཞིག་རེད།དེ་ཡང་། ཏྲེ་ཧོར། སྡེ་དགེ། གླིང་ཚང་། དེམ་ཆི་ཉེར་ལྔ་སྟེ་ནང་ཆེན་དང་ཡུལ་ཤུལ་ཕྱོགས། ལྷ་ཐོགརྫ་མགོ་གསེརགགསུམ། འབའ་ལི་རྒྱལ་གསུམ་། ཆ་ཕྲེང་། དགེ་བཤེས་དང་ཁྲོ་སྐྱབས་སོགས་རྒྱལ་རོང་།མི་ཉག་ལྕགས་ལ་རྒྱལ་པོའི་ཡུལ་སྡེ་སོགས་ནི་ཉག་རོང་གི་དམག་སླེབས་ཡུལ་གཙོ་བོ་ཁག་ཡིན།
ཡིན་ན་ཡང་ཉག་རྐེད་མགོན་པོའི་བྱ་བ་ལམ་འགྲོ་མ་བྱུང་བའི་རྒྱུ་རྐྱེན་གཅིག་ནི་སྡེ་དགེ་རྒྱལ་པོ་ཚང་ལ་དྲག་གནོན་བྱས་པ་དེ་རེད།སྡེ་དགེ་རྒྱལ་པོ་ཚང་ནི་སྐབས་དེར་བོད་སྡེ་པ་གཞུང་ལ་འབྲེལ་བ་ཟབ་པ་དང་ལྷག་པར་ཡང་ཁམས་ཕྱོགས་ཀྱི་བླ་ཆེན་མང་པོ་ལ་འབྲེལ་བ་ཆེ་བའི་ཁྱིམ་ཚང་ཞིག་ཡིན་སྟབས་རྐྱེན་དེས་བླ་མ་མང་པོ་ཞིག་དང་འགལ་བ་བྱུང་།རྐྱེན་དེས་མང་ཚོགས་ཀྱིས་ཀྱང་ཉག་རྐེད་མགོན་པོ་ཟེར་དུས་སངས་རྒྱས་ཀྱི་བསྟན་པ་བཤིགས་པ་དང་།སེམས་ཅན་གྱི་བདེ་སྐྱིད་འཕྲོག་མཁན་ཞིག་ཡིན་པའི་དོགས་འགྲོག་དང་གཏམ་འཆལ་ལྟ་བུ་མང་པོ་འཕེལ་བས་མི་མང་པོས་ཉག་རྐེད་མགོན་པོ་ཟེར་བའི་མིང་ཡང་འཛིན་མི་ཕོད་པའི་ཚོད་དུ་སླེབས་འདུག
ཉག་རྐེད་མགོན་པོ་དྲག་ཤུགས་ཆེ་ཞིང་། དམག་འཐབ་ཇག་བཅོམ་ལ་བྱང་བ།ལྷག་པར་ཡང་མཐོ་རིམ་དཔོན་རིགས་བླ་ཆེན་ཚོའི་ངོ་སྲུང་མེད་པར་དྲག་གནོན་བྱེད་རྐྱང་བྱེད་མཁན་ཞིག་པ་བདེན།ཡིན་ཡང་གཏིང་དུ་ཆོས་དང་བླ་མ་ལ་དད་པ་ཡོད་མཁན་ཞིག་རེད། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་ཐར་ལས་འདི་ལྟར་འབྱུང་།ཉག་རྐེད་མགོན་པོ་རྫོགས་ཆེན་དགོན་དུ་སླེབས། གཉེར་བ་དང་ཕྱག་མཛོད་སོགས་ཀྱིས་སྣེ་ལེན་བྱས་ནས་རྫོགས་ཆེན་རིན་པོ་ཆེའི་སྐུ་མདུན་མི་གཏོང་བའི་འཆར་གཞི་ཡོད་ཀྱང་ཉག་རྐེད་དཔོན་ཤར་རྒྱག་གིས་རྫོགས་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཤོར།དེར་ཁོས། བླ་མ། ངས་སྡེ་པ་གཞུང་དབང་འོག་ཏུ་འདུས་ཐུབ་པ་འདུག་གམ་ཞེས་ཞུས། བླ་མས། ཁྱོད་ཀྱིས་ལྷ་ས་ཕར་ཞོགཆབ་མདོར་དབང་བསྒྱུར་བྱེད་ཐུབ་ས་མ་རེད་ཅེས་གསུངས། དེར་ཁོས། ང་ཤི་ན་གང་དུ་སྐྱེ་རེད་ཅེས་དྲིས།བླ་མས་ཁྱོད་ཤི་ན་དམྱལ་བར་སྐྱེས་རྒྱུ་རེད་ཅེས་གསུངས། དེར་ཁོས་གུས་པ་ཆེན་པོས། བླ་མ་ཟེར་ན་ཁྱོད་འདྲ་བ་ཞིག་ལ་ཟེར།ངས་སྔོན་བླ་མ་མང་པོ་ལ་ང་ཤི་ན་གང་དུ་སྐྱེས་རྒྱུ་རེད་ཅེས་དྲིས་སྐབས་ཚང་མས་ཞིང་ཁམས་ཅིག་ཅིག་ལ་འགྲོ་ཚུལ་ལྟ་བུ་ཁ་ཡག་ངོ་དགའ་བཤད་མཁན་ཤ་སྟག་ལས་མི་འདུགཅེས་ཟེར་ནས་རྫོགས་ཆེན་རིན་པོ་ཆེར་སྐྱབས་འཇུག་གུས་བརྩི་བཀུར་སྟི་བྱས་པའི་ལོ་རྒྱུས་འདུགད་དུང་སྡེ་པ་གཞུང་གི་དམག་ཡོང་སྐབས་སུ་ཉག་རོང་གི་བླ་མ་མང་པོ་ཞིག་འདུས་ནས་ཅི་དགའ་གང་དྲག་གི་གྲོས་བསྡུར་བྱས་སྐབས་སུ།ཉག་བླ་པདྨ་བདུད་འདུལ་གྱིས་ངས་དར་འདོམ་པ་གང་ཁྱེར་ནས་སྡེ་པ་གཞུང་གི་དམག་སྣེ་འགོག་ཏུ་སོང་ན་འགོག་ཐུབ་རྒྱུ་རེད།ཉག་རྐེད་མགོན་པོ་འདི་ཡུལ་ལུང་ལ་ཕན་ཐོགས་མཁན་གྱིི་མི་ཞིག་ཡིན་གསུངས་ཀྱང་བླ་མ་གཞན་མང་པོ་ཞིག་གིས་སྡེ་པ་གཞུང་གི་དམག་འགོག་ཐབས་བྱས་ན་མི་ལེགས་ཚུལ་བཤད་ནས་ཉག་བླ་པདྨ་བདུད་འདུལ་ཕེབས་མ་ཐུབ་པ་རེད་ཟེར་སྲོལ་ཞིག་ངག་རྒྱུན་དུ་འདུགདེ་བཞིན་ཉག་རྐེད་མགོན་པོས་རྡོ་གྲུབ་ཆེན་སྐུ་ཕྲེང་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ་གསེར་ཐལ་དུ་དམག་དྲངས་རྒྱུ་ཡིན་ཡང་རྡོ་གྲུབ་ཆེན་རིན་པོ་ཆེ་དང་ཁོང་གི་དགོན་པ་ཡར་ལུང་དགོན་པ་ལ་གནོད་པ་གང་ཡང་མི་བྱེད་ཅེས་བརྗོད།ཡིན་ན་ཡང་རྡོ་གྲུབ་ཆེན་གྱིས་གསེར་ཐལ་ངའི་ལྷ་སྡེ་རེད། དེ་ལ་དམག་བརྒྱབ་ན་ང་ལ་བརྒྱབ་པ་དང་ཁྱད་པར་མེད་ཅེས་གསུངས།དེར་ཉག་རྐེད་དཔོན་ཁྲོས་ནས་དེ་ལྟར་ཡིན་ན་ངའི་དམག་སྣེ་ཐོག་མར་གྲུབ་ཆེན་ཡར་ལུང་དགོན་པའི་སྟེང་དུ་དྲངས་རྒྱུ་ཡིན་ཞེས་བརྗོད་པར་བརྟེན་གྲུབ་ཆེན་ཡར་ལུང་དགོན་པའི་བཙུན་པ་ཚང་མ་བྲོས་བྱོལ་དུ་སོང་ནས་དགོན་པ་འཐོར་ཞིག་ཏུ་ཕྱིན་པ་ལས་ཕྱིས་སུ་རྡོ་ཁོག་ཏུ་རྩང་ཆེན་དཔལ་འབར་གླིང་འཕེལ་རྒྱས་བྱུང་ཚུལ་སོགས་ལ་བསམ་སྐབས་ཉག་རྐེད་དཔོན་འདི་བླ་མ་བླ་མའི་སར་མི་འཇོག་མཁན་ཞིག་མིན་ཡང་རང་གི་ཆབ་སྲིད་དབང་ཤུགས་ལ་འགོག་རྐྱེན་བྱེད་མཁན་ཞིག་ཡིན་ཕྱིན་བླ་མ་དང་དཔོན་པོ་སུ་ཞིག་ཡིན་ཡང་གདོང་གཏུག་རྐྱང་བྱས་སྟབས་མང་པོ་ཞིག་ལ་ཕོག་ཐུག་བྱུང་བ་རེད་སྙམ།
ཉག་རྐེད་མགོན་པོ་ནི་མི་རིག་པ་ཤིན་ཏུ་གྲུང་པོ་ཞིག་ཡིན་པའི་བཤད་རྒྱུན་འདུགཉག་རྐེད་མགོན་པོ་རྣམ་རྒྱལ་ཁྲིམས་ཁ་བཙན་པར་སྐད་གྲགས་ཡོད་སྐབས་ཤིག་ལ་ཡུལ་སྡེའི་ནང་གི་མི་གཉིས་ཀྱིས་གསང་བའི་སྒོ་ནས་རྒྱལ་ཆེན་པོ་བཙུགས།དེ་ཡང་གལ་སྲིད་ཁོང་གཉིས་ཀྱི་ནང་ནས་མི་སུ་ཞིག་གིས་ཉག་རྐེད་མགོན་པོས་ཐོས་སར་བཅར་ནས་ཉག་རྐེད་མགོན་པོ་ཁྱོད་ཀྱིས་སྐྱག་པ་ཟོ་ཞེས་འབོད་ཐུབ་མཁན་ལ་རྒྱལ་ཐོབ་རྒྱུ་བྱས།དེར་མི་གཅིག་གིས་ཁས་ལེན་བྱས་ནས་ཉག་རྐེད་མགོན་པོའི་མཁར་སྒོར་སོང་། ཉག་རྐེད་མགོན་པོས་མཁར་གྱི་སྒེའུ་ཁུངས་ནས་མར་ལྟ་བའི་སྐབས་དང་བསྟུན་ནས་མི་དེས།ཉག་རྐེད་མགོན་པོ་ཁྱོད་ཀྱིས་སྐྱག་པ་ཟོ། ཁྱོད་ལ་ནི་ཅི་ཡང་མི་གནོད། ང་ལ་ནི་ཕན་ཐོགས་ཤིག་འདུགཅེས་བོས། དེར་ཉག་རྐེད་མགོན་པོས་དེ་མ་ཐག་ཏུ་སྐད་ཆའི་ནང་དོན་རྟོགས་ནས། དེ་ཡིན་ན་ངེད་གཉིས་ཀས་ཕྱེད་བགོས་ཡིན་ད།ཞེས་བརྗོད། རྗེས་སུ་མི་དེ་ལ་རྒྱལ་ཐོབ་པའི་རྒྱུ་ནོར་ཕྱེད་ཀ་ཉག་རྐེད་མགོན་པོ་ལ་ཤོར་བ་མ་གཏོགས་གཞན་ཉེས་ཆད་གང་ཡང་མ་བཅད་པ་རེད།
ཉག་རྐེད་མགོན་པོ་ནི་མདོ་ཁམས་ཀྱི་སྲོལ་རྒྱུན་བཞིན་གཏམ་དང་ཚིག་ལ་བརྩི་འཇོག་ཆེན་པོ་བྱེད་མཁན་ཞིག་རེད།ཉིན་ཞིག་མི་ཞིག་ལ་རང་གི་དྲུང་དུ་འབྱོར་དགོས་པའི་བཀའ་རྒྱ་བཏང་། དེ་ཡང་ཡུལ་སྐད་ལ་མྱུར་དུ་ཤོག་ཅེས་པའི་དོན་ལ་ཁྱོད་བརྒྱུགས་ནས་ཤོག་ཟེར་སྲོལ་ཡང་ཡོད་སྟབས་ཉག་རྐེད་མགོན་པོས་ཕོ་ཉ་བ་དེ་ལ་ངག་ཕྲིན་སྐུར་སྐབས་ཁྱོད་རྒྱུགས་ནས་ཤོག་ཅེས་བསྐུར།ཁྱོད་རྒྱུག་ནས་ཤོག་ཅེས་པའི་དོན་དེ་ཡུལ་སྐད་ལ་ཁྱོད་མྱུར་དུ་ཤོག་གམ་ད་ལྟ་འཕྲལ་དུ་ཤོག་ཅེས་པའི་དོན་ལ་གོ་བ་ཡོད་ཀྱང་ཚིག་རང་ངོས་ནས་དུས་ནམ་ཞིག་ལ་ཡོང་དགོས་པའི་དོན་མི་སྟོན།ཕོ་ཉ་བས་མི་དེ་ལ་ཉག་རྐེད་དཔོན་གྱིས་ཁྱོད་རྒྱུག་ནས་ཤོག་ཟེར་གྱིན་འདུག་ཅེས་བརྗོད། མི་དེ་ཉིན་ཁ་ཤས་ཤིག་ལ་དཔོན་གྱི་སར་མ་སོང་།ཉིན་ཞིག་དལ་ལྷོད་དུ་སོང་ནས་ཉག་རྐེད་མགོན་པོའི་མཁར་རྫོང་མཐོང་ས་དེ་ནས་ཡར་བརྒྱུགས་ནས་སོང་།དེར་ཉག་རྐེད་མགོན་པོས་ཁྱོད་འགོར་འགྱངས་སོང་བའི་རྒྱུ་མཚན་གང་ཡིན་ཞེས་བཀའ་བཀྱོན་བཏང་།མི་དེས་མ་གོ་བའི་ཟོལ་གྱིས་ཁྱོད་ཀྱིས་ང་ལ་མྱུར་དུ་ཤོག་ཅེས་བཤད་མི་འདུག བརྒྱུགས་ནས་ཤོག་ཅེས་བཤད་འདུགདེར་བརྟེན་ང་དེ་རིང་བརྒྱུགས་ནས་ཡོང་བ་ཡིན་ཞེས་བཤད། དེར་ཉག་རྐེད་མགོན་པོས་ཅི་ཡང་ཟེར་རྒྱུ་མ་རྙེད་པར་མི་དེ་ལ་ཉེས་ཆད་མ་བཅད་པ་སོགས་ཀྱི་ལོ་རྒྱུས་ལ་བསམ་སྐབས་ཉག་རྐེད་མགོན་པོ་ནི་གཏམ་ལ་བརྩི་འཇོག་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག
ཉག་རྐེད་དཔོན་འདི་སྤྱི་ཚོགས་ཀྱི་གནས་བབ་ལ་འགན་ལེན་དང་གསར་བཏོད་ཀྱི་བསམ་བློ་ལྟ་བུ་ཡོད་མཁན་ཞིག་ཡིན་པ་འདྲ།དེ་ཡང་ཁོས་སྤྱི་ཚོགས་ཀྱི་དབུལ་ཕྱུག་སྙོམ་པའི་བྱེད་སྟངས་དགོད་བྲོ་བ་ཞིག་བྱས་འདུག དེ་ཡང་ཁོ་རང་གི་དབང་འོག་ན་ཡོད་པའི་ཁྱིམ་ཚང་ཚང་མ་ཕྱུག་དབུལ་གྱི་སྡེ་ཚན་གཉིས་སུ་དབྱེ།ཁྱིམ་ཚང་འབྱོར་བ་དྲག་གྲས་རེས་མནའ་མ་དང་མག་པ་ལེན་དགོས་ན་ངེས་པར་དུ་ཁྱིམ་ཚང་འབྱོར་བ་དམན་པ་རེ་ནས་ལེན་དགོས་པའི་ཁྲིམས་བཅས།དེང་སང་གི་གཉེན་སྒྲིག་རང་དབང་དང་བརྩེ་དུང་གི་འདེམས་ཁ་གཙོ་བོར་འཛིན་པའི་ལུགས་དང་འགལ་ཡོད་ཀྱང་སྐབས་དེར་གང་ལྟར་ཡང་བཟའ་གྲོགས་འཚོལ་བ་ནི་ཁྱིམ་ཚང་དང་གཉེན་ཉེས་འདེམས་པ་ལས་བརྩེ་དུང་དབང་བཙན་པར་བྱས་པའི་སྲོལ་མེད་པས་ཉག་རྐེད་དཔོན་གྱི་དབུལ་ཕྱུག་སྙོམ་པའི་ཐབས་ལམ་དེ་ཡང་གཅིག་བྱས་ན་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་དེ་ལས་དྲག་ཅིག་བྱེད་ཐབས་མ་རྙེད་པ་ཡང་ཡིན་སྲིད་པ་ཞིག་རེད།བྱེད་སྟངས་འདི་ལ་བསམ་སྐབས་ཉག་རྐེད་དཔོན་ཟེར་བ་འདི་གསར་བཏོད་དང་སྤྱི་ཚོགས་ཀྱི་བདེ་སྡུག་འགན་འཁུར་བའི་ཆབ་སྲིད་ལྟ་གྲུབ་དང་ལངས་ཕྱོགས་ལྟ་བུ་ཡོད་མཁན་ཞིག་རེད་འདུག
མདའ་དཔོན་ཕུ་ལུང་པ་སྐབས་དེར་ཉག་རོང་ལ་དམག་འདྲེན་སྐབས་ཀྱི་མདའ་དཔོན་གཙོ་བོ་དང་།དམག་ཐག་ཆོད་རྗེས་སུ་ཡང་ཉག་རོང་དང་དེའི་ཉེ་འཁོར་གྱི་ཡུལ་སྡེ་ཚོར་ཁྲལ་བསྡུ་ཁྲིམས་གནོན་གྱི་འགན་ཁུར་ནས་ལོ་ཤས་བསྡད།སྐབས་དེར་སྡེ་པ་གཞུང་གི་དབང་འཛིན་པ་གཙོ་བོ་སྡེ་དྲུག་རིན་པོ་ཆེ་རེད། ཡིན་ན་ཡང་དབང་ཆ་ཆེ་ཤོས་དེ་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་ཀྱིས་སྣེ་ཁྲིད་པའི་དགའ་འབྲས་དྲུང་སྤྱི་ཟེར་བ་དེས་བཟུང་ཡོད།སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་ཀྱི་སྐྱེས་ཡུལ་ཁམས་རྨི་ལི་ནས་ཡིན་ཞིང་མདའ་དཔོན་ཕུ་ལུང་པས་ཉག་རོང་ལ་དྲག་གནོན་བྱས་པ་དེར་གདན་སའི་ཁམས་རིགས་ཚོས་ས་གནས་རུས་ཞེན་ལྟ་བུས་སྤྱི་མཁན་ལ་ནང་ཚགས་ལྟ་བུར་མདའ་དཔོན་ཕུ་ལུང་པས་ཁམས་པ་ལ་ཡག་པོ་མ་བྱས་ཚུལ་གླེང་བཞིན་ཡོད་འདུགདེར་བརྟེན་ཕུ་ལུང་པ་སོགས་ཀྱིས་ཉག་རོང་དཔུང་འཇུག་ལ་རྒྱལ་ཁ་ཐོབ་ནས་ཕྱིར་ཡོང་བའི་ལམ་བར་དུ་སྤྱི་མཁན་དཔལ་ལྡན་དོན་གྲུབ་ཀྱི་ཕུ་ལུང་པ་ཕ་བུ་གཉིས་ཀ་སྲོག་ཐོག་ཏུ་གཏང་དགོས་པའི་བཅད་ཁྲ་བཏང་བ་ཕུ་ལུང་པའི་ལག་ཏུ་འབྱོར་བས་སྐབས་དེ་ཉིད་དུ་ཕུ་ལུང་པ་ཕ་བུ་གཉིས་ཀ་ཆུར་མཆོང་དེ་རང་སྲོག་བཅད་འདུག
གང་ལྟར་ཁམས་ཕྱོགས་སུ་ཉག་རྐེད་མགོན་པོས་ཉེ་འཁོར་གྱི་སྡེ་དཔོན་དང་།བླ་མ། དགོན་སྡེ་མང་པོ་ཞིག་ལ་ཕོག་ཐུག་བཏང་སྟབས་དགའ་མོས་བྱེད་མཁན་མང་པོ་ཞིག་མེད། སྡེ་པ་གཞུང་གི་དམག་གིས་ཉག་རྐེད་དཔོན་ཚར་གཅོད་སྟངས་དེ་ཡང་ཉག་མགོན་སྡེ་དཔོན་ཆུང་ངུ་ཞིག་གི་སྟེང་ལ་རྒྱ་བོད་གཉིས་ཀས་རུབ་ཀྱང་ལོ་འཁོར་གཉིས་ཙམ་འགོར་ནས་གཞུང་དམངས་ལ་དཀའ་ངལ་མང་པོ་འཕྲད་པ་དང་།ཐ་མ་འུ་ཐུག་ཐབས་ཟད་ནས་འདུམས་འགྲིགས་མནའ་བཅད་ལྟ་བུ་བྱས་པའི་གཡོ་ཐབས་ཀྱིས་ཕམ་པར་བྱས་པས་མནའ་དང་གཏམ་ལ་བརྩི་འཇོག་ཆེ་བའི་མདོ་ཁམས་མི་མང་ཚོས་སྡེ་པ་གཞུང་གི་མནའ་ཟོས་པ་རེད་ཟེར་ནས་ཧ་ལས་ཤིང་ཧོན་འཐོར།རྐྱེན་དེའི་དུས་ཕྱི་རབས་བར་དུ་སྡེ་པ་གཞུང་གིས་མནའ་ཟོས་ཡོད་པ་རེད་ཟེར་ནས་རྣམ་རྟོག་ལྟ་བུ་དང་ཡིད་ཆེས་མི་བྱེད་པའི་སྲོལ་རྒྱུན་བག་ཆགས་ངན་པ་ཞིག་ཀྱང་བཞག་ཡོད་པས་དམག་ཐག་ཆོད་ཀྱང་སྙན་གྲགས་ཅན་གྱི་རྒྱལ་ཁ་ཞིག་ལེན་ཐུབ་མེད།
དེང་སྐབས་ཆབ་སྲིད་ལོ་རྒྱུས་དཔྱད་ཞིབ་པ་ཁ་ཤས་ཀྱིས་སྐབས་དེར་ཉག་རྐེད་དཔོན་ཕ་བུ་ལ་མདོ་ཁམས་ཀྱི་ཡུལ་ནས་མགོ་བརྩམས་ཏེ་ཡུལ་ལུང་མང་པོ་ཞིག་དབང་བསྒྱུར་བྱ་བའི་འཆར་གཞི་ཡོད་འདུག་པས་གལ་སྲིད་ཁོ་ཚོའི་བྱ་བ་དེ་ལམ་ལྷོངས་བྱུང་ཡོད་ན་བོད་ཀྱི་ཡུལ་སྡེ་ཆེན་པོ་ཞིག་གཅིག་གྱུར་དང་མཐའ་མཚམས་བརྟན་སྲུང་ཡོང་བར་ཕན་ཐོགས་ཡོད་པར་བཤད་པ་དེར་ཡང་བདེན་པའི་ཆ་ཡོད་པ་ཞིག་རེད་སྙམ།ཉག་རོང་དམག་འཁྲུགས་ལ་རྒྱལ་ཁ་ཐོབ་པ་དེར་མན་ཇུ་གོང་མས་བོད་སྡེ་པ་གཞུང་ལ་གཡུལ་རྒྱལ་གཟེངས་བསྟོད་ཆེན་པོ་བྱས་འདུག་ཤིང་སྐབས་དེར་མན་ཇུ་གོང་མ་དགའ་ཚོར་ཆེན་པོ་བྱུང་ཡོད་ཚོད་འདུག་པས་ཉག་རྐེད་མགོན་པོ་ཟེར་བ་དེ་ང་ཚོའི་ཤོད་རྒྱུན་དུ་ཡོད་པའི་བླངས་དོར་མི་ཤེས་པའི་སྨྱོན་པ་ལྟ་བུ་དང་སྙིང་རྗེ་མེད་པའི་སྲིན་པོ་ལྟ་བུའི་ཇག་དཔོན་ཞིག་ཁོ་ན་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་སྟེང་ནས་ཀྱང་མན་ཇུ་གོང་མ་ལ་ཡང་འཇིགས་སྣང་སྐུལ་མཁན་ཞིག་ཡིན་ངེས་རེད།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།