རྡོ་རྗེ་ཚེ་སྲུང་གིས་བརྩམས།
བླ་མ་མཆོད་པ། བླ་མའི་རྣལ་འབྱོར།བླ་མའི་གསོལ་འདེབས། བླ་མའི་རྟོགས་བརྗོད། བླ་མར་གསོལ་བ་འདེབས་པ།བླ་མར་བསྟོད་པ་སོགས་ནི་ཆེས་ཚད་མཐོ་བའི་བརྩེ་དུང་བརྗོད་པའི་སྙན་ངག་ཤ་སྟག་རེད།དེ་ལྟ་བུའི་བརྩེ་དུང་བརྗོད་པའི་སྙན་ངག་ཆེན་པོ་དག་ནི་ནང་པ་སངས་རྒྱས་པའི་སྙན་ངག་པ་ཚོའི་གསུང་གི་ཁྲོད་དུ་ཆེས་མང་པོ་བཞུགས་ཡོད།
འགྲོ་བ་མིའི་རིགས་ཀྱི་རེ་སྨོན་གྱི་ཁྲོད་ན་ཆེས་ཡིད་དབང་འཕྲོག་ཅིང་རིན་ཐང་ཆེ་བའི་དངོས་པོ་ཞིག་ཡོད་པ་དེ་ནི་མི་དང་མིའི་བར་གྱི་བརྩེ་དུང་ཞེས་པ་དེ་ཡིན།བརྩེ་དུང་ཞེས་པ་དེ་ནི་མི་དང་མིའི་བར་གྱི་ཡིད་ཆེས་དང་། གུས་བརྩི། གདེང་འཇོགབློ་གཏད་བཅས་ཡིན། དེ་ལྟ་བུའི་བརྩེ་དུང་དེ་ཚད་མཐོ་བའི་མཐར་སོན་པ་དེ་ནི་ནང་པ་སངས་རྒྱས་པའི་སློབ་དཔོན་དང་སློབ་མའི་བར་གྱི་དད་པ་དང་དམ་ཚིག་གིས་འབྲེལ་བའི་བརྩེ་དུང་ཞེས་པ་དེ་ཡིན།དེ་ལྟ་བུའི་ཚད་མཐོ་བའི་མཐར་སོན་པའི་བརྩེ་དུང་བརྗོད་བྱར་བྱས་པའི་སྙན་ངག་ནི་རིགས་མང་པོ་ཞིག་ཡིན་སྟེ།བླ་མ་མཆོད་པ། བླ་མའི་རྣལ་འབྱོར། བླ་མའི་གསོལ་འདེབས། བླ་མའི་རྟོགས་བརྗོད།བླ་མར་གསོལ་བ་འདེབས་པ། བླ་མར་བསྟོད་པ་སོགས་ཡིན། ནང་པ་སངས་རྒྱས་པའི་སྙན་ངག་པ་ཚོས་འདི་ལྟ་བུའི་རླབས་ཆེ་ཞིང་རིན་ཐང་གཞལ་དུ་མེད་པའི་སྙན་ངག་གི་བརྗོད་བྱ་ཞིག་རྙེད་པ་དེ་འགྲོ་བ་མིའི་རིགས་ཀྱི་སྐྱེད་འཕེལ་ལོ་རྒྱུས་ཀྱི་ཁྲོད་དུ་བཟང་ཕྱོགས་ཀྱི་མཚོན་རྟགས་དང་རིག་གནས་འཕེལ་རིམ་ཁྲོད་ཀྱི་ཆེས་བླ་ན་མེད་པའི་གྲུབ་འབྲས་རྨད་དུ་བྱུང་བ་ཞིག་ཀྱང་རེད།ནང་པ་སངས་རྒྱས་པའི་སློབ་དཔོན་དང་སློབ་མའི་བར་གྱི་དད་པ་དང་དམ་ཚིག་གི་འབྲེལ་བའི་བརྩེ་དུང་གི་ཤན་ཤུགས་ཀྱིས་གླིང་ཆེན་ཨེ་ཤེ་ཡའི་མི་རིགས་མང་པོ་མཛའ་མཐུན་གྱི་འཚོ་བ་དང་།ཞི་བདེ་ཡི་གཤིས་རྒྱུད།མཉམ་ལས་ཀྱི་ཡིད་ཆེས་ཅན་གྱི་རིག་གཞུང་ཁྱབ་འཕེལ་ལ་ཤུགས་སྣོན་ཆེན་པོ་ཐེབས་ཡོད་ངེས།
བླ་མ་མཆོད་པ། བླ་མའི་རྣལ་འབྱོར།བླ་མའི་གསོལ་འདེབས། བླ་མའི་རྟོགས་བརྗོད། བླ་མར་གསོལ་བ་འདེབས་པ།བླ་མར་བསྟོད་པ་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་གཞན་སྟེ་ལྷ་གསོལ་འདྲེ་བཀར་དང་གསོལ་འདེབས་སྨོན་ལམ་ཙམ་ཞིག་མིན་པར་མི་དང་མིའི་བར་གྱི་བརྩེ་དུང་བརྗོད་པའི་སྙན་ངག་ཆེན་པོ་རེ་རེ་རེད།དེ་ནི་ཡིད་སྨོན་དང་ཕུགས་བསམ་ཁོ་ན་གླུ་རུ་གྱེར་བའི་སྙན་ངག་ཙམ་ཡང་མིན་པར་མཛའ་མཐུན་དང་།མཉམ་འབྲེལ། ཡིད་ཆེས།གུས་བརྩི་བཅས་ཀྱི་གནས་ལུགས་གསལ་བོར་སྟོན་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཆེན་པོ་ཞིག་ཀྱང་རེད།དེ་ལྟ་བུའི་གཞུང་ལུགས་ལས་མི་དང་མིའི་བར་གྱི་གུས་བརྩེ་དང་། ཡིད་ཆེས།གདེང་འཇོག་བཅས་གསལ་བོར་ཤེས་ཤིང་བརྩེ་དུང་ངོ་མ་དེ་ཡང་ངོ་འཕྲོད་ནུས།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།