ཉག་བླ་བསོད་རྒྱལ་གཏེར་ཆེན་ལས་རབ་གླིང་པ་ཕྲིན་ལས་མཐའ་ཡས་རྩལ་གྱི་རྣམ་ཐར་ངོ་སྤྲོད་རགས་བསྡུས།


རྡོ་རྗེ་ཚེ་སྲུང་གིས་ཕྱོགས་བསྡུས་བྱས།
དེ་ཡང་སྤྲུལ་པའི་གཏེར་ཆེན་ཉག་བླ་བསོད་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པ་མཆོག་ནི་ངོ་མཚར་དུས་བབ་ཟབ་གཏེར་ཀྱི་འཁོར་ལོ་བསྒྱུར་བ་པོར་གྱུར་པའི་གྲུབ་པའི་རྣམ་ཐར་ཙམ་ཁོ་ན་མ་ཡིན་པར་ཐོས་བསམ་དང་སྒྲུབ་པ་ཉམས་བཞེས་མཛད་ཚུལ་ཁོ་ནས་ཀྱང་ཡིད་སྣང་ལ་དང་བ་དབང་མེད་དུ་སྐྱེད་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན།

དེ་ཡང་ཁོང་ནི་མདོ་ཁམས་ཉག་རོང་དུ་ས་སྟོད་ཞི་བ་ཚང་ཞེས་པའི་ཁྱིམ་ཚང་ཁ་སྟབས་དྲག་པ་ཞིག་ལ་ཡབ་དར་རྒྱས་དང་སྐྱེད་ཡུམ་རྒྱན་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ལོར་༼༡༨༥༦༽འཁྲུངས།ཁོང་སྐུ་ན་ཕྲ་བའི་དུས་ནས་འཁོར་བ་བའི་བདེ་བ་ལ་མི་ཆགས་པའི་ངེས་འབྱུང་གི་བློ་བཅོས་མིན་མངའ་ཞིང་དག་པའི་སྣང་བ་ལ་དབང་འབྱོར་བ་སོགས་ངོ་མཚར་ཆེན་པོ་དང་ལྡན།འབྲི་ཀློག་ལ་ངལ་བ་མེད་པར་མཁྱེན་པ་སོགས་རང་བཞིན་གྱིས་ཤེས་རབ་ཆེན་པོ་དང་ཡང་ལྡན།ཁོང་སྐུ་ན་ཤིན་ཏུ་ཕྲ་བའི་དུས་སུ་ཉག་བླ་པདྨ་བདུད་འདུལ་གྱི་མདུན་དུ་གསུང་ཆོས་ཞུ་སྐབས་སུ་ཉག་བླ་པདྨ་བདུད་འདུལ་གྱིས་ལཉྪའི་ཡིག་གཟུགས་ལས་གྲུབ་པའི་དཔེ་ཆ་ཞིག་བསྟན་སྐབས་སུ་དཔེ་དེའི་ནང་ནས་ཡི་གེ་ས་ཞིག་ངོས་ཟིན།དེར་ཉག་བླ་པདྨ་བདུད་འདུལ་ངོ་མཚར་ཆེན་པོ་སྐྱེས་ནས་དེ་ནི་ས་སྟེང་འདི་ན་ཁོང་ལས་ལྷག་པའི་སྐྱེས་སུ་དམ་པ་སུ་ཡང་མེད་པའི་རྟགས་མཚན་ཡིན་གསུངས།ཉག་བླ་པདྨ་བདུད་འདུལ་སོགས་བླ་མ་མང་པོས་ངོ་མཚར་ཅན་གྱི་སྐྱེས་བུ་ཞིག་ཡིན་པར་ངོས་བཟུང་ནས་དགོན་པར་ཆོས་ཕྱོགས་ཀྱི་སློབ་གཉེར་ཞིག་ལ་གཏོང་དགོས་པའི་སྐུལ་མ་མང་པོ་གནང་།ཡིན་ན་ཡང་ཕ་ཡབ་ཀྱིས་གཏན་ནས་ངོས་ལེན་མ་བྱས་ཤིང་ཁྱིམ་གཞིས་འཛིན་པའི་རེ་སྐུལ་ཁོ་ན་བྱས།
ཉིན་ཞིག་ཁྱིམ་མིའི་འཚོ་ཐབས་བཞིན་རི་དྭགས་རྔོན་དུ་ཕེབས་སྐབས་སུ་མེ་མདའི་སོ་ཁུང་ནས་ལྟ་སྐབས་མཁའ་འགྲོའི་བརྡ་ཡིག་གིས་ཁྱབ་པར་གཟིགས་ཤིང་དེ་མ་ཐག་ཏུ་སྙུང་གཞི་དྲག་པོས་མནར།སྐབས་དེ་ནས་ཁོང་ལ་སྔར་ལས་ལྷག་པའི་ངེས་འབྱུང་དང་སྙིང་རྗེ་ཆེན་པོ་བཟློག་ཏུ་མེད་པ་འཁྲུངས།སྙུན་གཞི་དྲག་སྐྱེད་བྱུང་འཕྲལ་ཡབ་ཀྱིས་སླར་ཡང་རི་དྭགས་རྔོན་དུ་ཕེབས་དགོས་པའི་སྐུལ་མ་བྱས།མཚན་མོ་ཞིག་ལ་ཁོང་གི་རྨི་ལམ་ལ་སྔགས་སྲུང་ཨེ་ཀ་ཙ་ཊི་ཁྲོས་ཤིང་རྔམ་པའི་ཞལ་གྱི་མཆེ་བ་གཅིག་ཁོང་གི་སྙིང་ལ་ཟུག་པ་རྨིས་ཤིང་སླར་ཡང་སྙུང་གཞི་དྲག་པོ་བཞེས།མོ་རྩིས་ལས་ཀྱང་ཁོང་ཆོས་སྒོར་ཞུགས་དགོས་པ་བབ་པའི་ཐ་མ་དེར་ཡབ་ཀྱིས་ཀྱང་ཆོས་སྒོར་ཞུགས་པའི་གནང་བ་ཐོབ།
སྐབས་དེ་ཡས་མས་ཞིག་ལ་ཁོང་ལ་ཌཱ་ཀི་སེང་གེ་གདོང་ཅན་གྱི་སྒྲུབ་ཐབས་སྐོར་དགོངས་གཏེར་དུ་བབ།བླ་མ་བསོད་ནམས་མཐའ་ཡས་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཉམས་ལེན་གྱི་རིམ་པའི་གདམས་ཁྲིད་ཐོབ་པ་བཞིན་ཐུགས་བརྩོན་ཆེན་པོས་ཉམས་ལེན་མཛད།དགུངས་ལོ་བཅུ་གསུམ་ནས་བཅོ་བརྒྱད་ཀྱི་བར་དུ་སྐུ་མཚམས་ཁོ་ནར་བཞུགས།སྐབས་དེ་དུས་ནས་མངོན་མཁྱེན་ལ་ཐོགས་པའི་གྲགས་པ་བྱུང་། དཔེར་ན། སྐབས་ཤིག་ལ་རྒྱང་རིང་པོ་ཞིག་ནས་མི་ཞིག་ཁོང་གི་སྐུ་མདུན་ཡོང་སྐབས་སུ་ལམ་བར་དུ་ངལ་གསོ་སྐབས་སུ་རུམ་གྱི་ཕོར་བ་ཐང་དུ་ལྷུང་།ཁོས་དེ་མ་ཤེས་པར་ལམ་དུ་ཞུགས་ཤིང་ཉག་བླ་བསོད་རྒྱལ་རིན་པོ་ཆེའི་སྐུ་དྲུང་དུ་འབྱོར་སྐབས་གཞི་ནས་ཕོར་བ་མེད་པ་ཤེས།དེར་བསོད་རྒྱལ་རིན་པོ་ཆེས་ཕོར་བ་གང་དུ་བོར་སྟོར་སོང་བའི་ས་མིག་གསལ་བོར་གསུངས།རྗེས་སུ་མི་དེ་ཕྱིར་འགྲོ་སྐབས་སུ་ཏག་ཏག་བླ་མས་གསུངས་པའི་ས་མིག་དེ་ག་རང་དུ་རྙེད་པ་སོགས་མངོན་ཤེས་དང་གྲུབ་རྟགས་ལ་དབང་འབྱོར་བའི་གྲགས་པ་ཆེ།
ཁོང་སྐུ་མཚམས་ལས་གྲོལ་རྗེས་སུ་ཁོང་ཀ་ཐོག་ཏུ་ཕེབས།བླ་མ་བསོད་ནམས་མཐའ་ཡས་སོགས་དང་ལྷན་དུ་བསྟན་པའི་རྒྱལ་མཚན་དང་ཀ་ཐོག་དགེ་རྩེ་རིན་པོ་ཆེའི་དྲུང་ནས་དབང་ལུང་ཁྲིད་གསུམ་མང་པོ་ཐོབ།རྒྱུད་གསང་བ་སྙིང་པོའི་བཤད་པ་ཐོས་པའི་རྗེས་སུ་སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཤར།
དེ་ནས་ཛ་ཀ་གསང་སྔགས་ཆོས་གླིང་དུ་ཕེབས་ཤིང་སྐྱབས་རྗེ་བླ་མ་ཀུན་བཟང་རྣམ་རྒྱལ་རྩ་བའི་བླ་མར་བསྟེན་ནས་ཀློང་གསལ་སྙིང་པོའི་ཆོས་སྐོར་ཐོབ།སྐབས་དེར་ཁོང་ལ་ཡང་དག་ཧེ་རུ་ཀའི་སྒྲུབ་སྐོར་གཏེར་དུ་བབ།དེ་ནས་སྨྱོ་ཤུལ་ལུང་རྟོགས་ཀྱི་དྲུང་དུ་ཕེབས་ཤིང་སྙིང་ཐིག་གི་ཆོས་སྐོར་ཐོབ་ཅིང་སྔོན་འགྲོ་ནས་ཁྲིད་སྦྱངས་རྫོགས་པར་གནང་མཐར་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དངོས་གཞིའི་ངོ་སྤྲོད་སྐོར་རྒྱས་པར་ཐོབ།སྐབས་དེ་དག་ལ་ཁོང་ལ་བདོག་པའི་དངོས་རྫས་ནི་ལྭ་བ་སྐྱ་བོ་ཞིག་མ་གཏོགས་གང་ཡང་མེད།འཚོ་བའི་ཡོ་བྱད་དཀོན་པའི་དཀའ་སྤྱད་འབད་བརྩོན་གྱིས་དབེན་པའི་ནགས་ཁྲོད་དུ་ཐོས་བསམ་ཉམས་ལེན་ཁོ་ན་ལ་ཉིན་མཚན་སྦྲེལ་ནས་བརྩོན།
ཁོང་སྨྱོ་ཤུལ་ལུང་རྟོགས་ཀྱི་དྲུང་ནས་ཕྱིར་ཛ་ཀ་དགོན་དུ་ཕེབས་རྗེས་སུ་རྟ་མགྲིན་གྱི་སྒྲུབ་སྐོར་ཡི་གེར་ཕབ།གཏེར་གནས་བྲག་དཀར་དུ་གཏེར་འདོན་པའི་དུས་སུ་བབ་པ་མཁྱེན་ནས་ཕེབས།ཉི་མ་ཤར་བའི་དུས་སུ་ཁོང་གིས་གཏེར་སྒོ་དངོས་སུ་མཐོང་ཡང་སྒོ་འབྱེད་མ་ནུས་པར་ལུས།དེར་ངལ་གསོ་བའི་གནས་ཤིག་བཙལ་ནས་གཉིད་ཐུན་གཅིག་ཁུགས་པའི་སྐབས་སུ་སྒྲ་ཆེན་པོ་ཞིག་གྲགས་ཤིང་གཉིད་ལས་བསླངས།སྐབས་དེ་བྲག་གི་སྒོ་རང་ཤུགས་ཀྱིས་འབྱེད་བཞིན་པ་གཟིགས།གཏེར་གནས་དེའི་ཕུག་པ་དབུས་མའི་ནང་ནས་གཏེར་སྒྲོམ་ཆེན་པོ་གཅིག་བཞེས།སྒྲོམ་བུ་དེའི་ནང་དུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་དབུ་ཞྭ་དང་། བེར་ནག རྡོ་དྲིལ།ཕུར་བ། གསེར་ཡིག་གིས་སྤྲས་པའི་གཡབ་དར་སོགས་གཏེར་དུ་བཞེས། དེའི་རྗེས་སུ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱི་དྲུང་ནས་རྒྱུད་གསང་བ་སྙིང་པོའི་བཤད་ཁྲིད་སོགས་ཟླ་བ་མང་པོའི་རིང་ཞུས།
ལྕགས་འབྲུག་༼༡༨༨༠༽ལོར་རྫོགས་ཆེན་དགོན་དུ་ཕེབས་ཤིང་རྩ་གསུམ་པདྨ་སྙིང་ཐིག་གཏེར་དུ་བཞེས།ར་ཤར་མཁན་པོ་ཀུན་བཟང་བསོད་ནམས་ཀྱིས་ཀྱང་ཉག་བླ་བསོད་རྒྱལ་གྱི་སྤྱོད་འཇུག་ཤེས་རབ་ལེའུའི་བསྟན་དོན་ཟབ་མོ་དབུ་མའི་གོ་བ་ལ་བསྟོད་བསྔགས་རྒྱ་ཆེར་གནང་།དགུང་ལོ་སོ་གསུམ་ལ་སོན་སྐབས་སུ་གོ་འཇོར་ཕེབས།ས་ཕོ་བྱི་བའི་ལོའི་༼༡༨༨༨༽ཟླ་བ་གཉིས་པའི་ཚེས་ཉེར་ལྔའི་ཉིན་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་ཁ་སར་པ་ཎིའི་སྐུ་བརྙན་གཏེར་དུ་བཞེས།དེ་དེར་དབུས་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས།ལྷ་ལྡན་ཇོ་ཁང་ཆེན་མོ་དང་རྩེ་པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ཤིག་དྲིལ་གཏེར་དུ་བཞེས།ལྷ་བབ་དུས་ཆེན་དང་བསྟུན་ནས་ལྷ་ལྡན་གཙུག་ལག་ཁང་དུ་ཚོགས་ཀྱི་མཆོད་སྤྲིན་རྒྱ་ཆེན་མཛད།༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་མཇལ་ཞིང་བཀའ་ཆོས་མང་དུ་ཞུས་པ་དང་།གཏེར་སྟོན་ཉིད་ཀྱི་བོད་ཁམས་སྐྱེ་འགྲོའི་བདེ་ཐབས་སུ་གཏེར་དུ་བཞེས་པའི་གཏེར་ཆོས་ཁག་གི་དབང་ལུང་མང་པོ་ཕུལ།སྐྱེས་བུ་དམ་པ་ཟུང་གི་ཐུགས་ཡིད་གཅིག་འདྲེས་སུ་གྱུར།ཡར་ལུང་ཤེལ་བྲག་ཏུ་ཕེབས་སྐབས་གཏེར་དུ་བབ་པའི་མཚོ་རྒྱལ་གྱི་ཕྱག་བྲིས་བླ་མ་ཀུན་འདུས་དངོས་གྲུབ་རྒྱ་མཚོའི་ཤོག་དྲིལ་དེ་༧གོང་ས་སྐྱབས་མགོན་ཆེན་པོར་ཕུལ་བ་ལས་གོང་ས་མཆོག་གིས་སྐུ་གསུམ་རིགས་འདུས་ཐུགས་སྒྲུབ་ཡིད་བཞིན་གཏེར་མཛོད་གཏན་ལ་ཕབ་པ་དང་ཤོག་དྲིལ་ལྷག་མ་རྣམས་ས་སྐྱ་བདག་ཆེན་རྡོ་རྗེ་འཆང་གིས་ཕབ་དགོས་པའི་ལམ་སྟོན་གནང་།དེའི་རྗེས་སུ་གཏེར་སྟོན་བསོད་རྒྱལ་གྱིས་༧གོང་ས་མཆོག་དང་ས་སྐྱ་བདག་ཆེན་རྣམ་པ་གཉིས་ལ་ཆོས་སྐོར་དེ་དག་གི་དབང་ལུང་ཕུལ།ཁོང་དབུས་སུ་བཞུགས་སྐབས་སུ་ར་ས་འཕྲུལ་སྣང་གི་གཙུལ་ལག་ཁང་སོགས་གནས་ཆེན་རྣམས་སུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་འབྲེལ་དེ་ཆོས་ཀྱི་མཛད་སྒོ་རྒྱ་ཆེན་བསྐྱངས།
ཁོང་དབུས་ཕྱོགས་ལས་ཕྱིར་མདོ་ཁམས་སུ་ཕེབས་རྗེས་སུ་སྨྱོ་ཤུལ་བླ་མ་ལུང་རྟོགས་ཀྱི་དྲུང་དུ་ཕེབས་ཏེ་རྙིང་མ་བཀའ་མའི་དབང་ལུང་ཡོངས་རྫོགས་ཞུས།
སླར་ཡང་ལྕགས་ཡོས་༼༡༨༩༡༽ལོར་གནས་ཆུང་ཆོས་རྒྱལ་གྱི་ལུང་བཞིན་༧གོང་ས་བཅུ་གསུམ་པ་ཆེན་པོས་གཏེར་སྟོན་རིན་པོ་ཆེས་གཏེར་ནས་གདན་དྲངས་པའི་གུ་རུའི་སྐུ་བརྙན་མཐོང་གྲོལ་ཡིད་བཞིན་ནོར་བུ་ཞེས་པ་དེ་ཉིད་ལྷ་སར་བཞུགས་ཐུབ་ན་དགོས་པ་ཆེན་པོ་ཡོད་སྟབས་གཏེར་སྟོན་རང་ཉིད་ཀྱིས་གུ་རུའི་སྐུ་བརྙན་དེ་ལྷ་སར་བསྣམས་ཕེབས་དགོས་པའི་རེ་གསོལ་བཀའ་ལུང་ཕེབས།ལོ་དེའི་ཟླ་བ་དགུ་པའི་ནང་གཏེར་སྟོན་ལྷ་སར་ཕེབས་འབྱོར་བྱུང་བས་ལྷ་བབ་དུས་ཆེན་གྱི་ཉིན་མོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་དབུས།གནས་ཆུང་སྐུ་རྟེན། ས་སྐྱ་བདག་ཆེན།སྨིན་གླིང་ཁྲི་ཆེན་སོགས་ཀྱི་གཙོས་དགེ་འདུན་གྱི་འདུ་བ་རྒྱ་ཆེན་པོས་སྐུ་བརྙན་རིན་པོ་ཆེར་རབ་གནས་དང་ཁྲུས་གསོལ་གྱི་ཆོ་ག་ལེགས་པར་བགྱིས་ཤིང་མི་ཚོགས་ཀྱི་འདུས་པ་ཆེན་པོས་སྤོས་བསང་གི་དུད་པས་ལྷ་ལམ་འགེངས་བའི་མཆོད་སྤྲིན་གྱི་སྣེ་དྲངས་ཏེ་ཇོ་ཁང་ཆེན་མོར་བཞུགས་སུ་གསོལ།
ཤིང་མོ་ལུག་གི་ལོར༼༡༨༩༥༽ལོར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ལྷན་དུ་ཙཱ་འདྲ་རིན་ཆེན་བྲག་གི་ཐོད་ཀྱི་རི་ངོས་ནས་ཕུར་བ་ཡང་སྙིང་སྤུ་གྲིའི་ཆོས་སྐོར་བཞུགས་པའི་སྒྲོམ་བུ་སོགས་གཏེར་ནས་བཏོན།གཏེར་སྟོན་རིན་པོ་ཆེ་ཡབ་ཡུམ་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བཅས་ཀྱིས་གཏེར་སྲུང་མ་མཆོད་བསྟོད་རྔན་གཏོང་དང་།བསྔོ་སྨོན་གྱིས་གྱིས་རྒྱས་བཏབ།
མེ་ཕོ་སྤྲེལ་ལོར༼༡༨༩༦༽གནས་ཆུང་ཆོས་རྒྱལ་ཆེན་པོའི་ལུང་བཞིན་དུ་སླར་ཡང་དབུས་ཕྱོགས་ལྷ་སར་ཕེབས།༧གོང་ས་མཆོག་ལ་ཕུར་ཡང་ཟབ་སྙིང་པོའི་དབང་ལུང་སོགས་གནང་། ལོ་དེར་བསམ་ཡས་གཡའ་མ་ལུང་དང་ཆུ་བོ་རི་ལ་ཚེ་སྒྲུབ་གནང་རྗེས་སུ་ཕྱིར་ལྷ་སར་ཕེབས་ནས་༧གོང་ས་མཆོག་ལ་ཚེ་དབང་གནང་།མེ་སྤྲེལ་ལོའི་མཇུག་ཏུ་ཕྱིར་མདོ་ཁམས་སུ་ཕེབས།མེ་བྱ་ལོར་༼༡༨༩༧༽འཇམ་མགོན་ཀོང་སྤྲུལ་ལ་ཕུར་བ་ཡང་ཟབ་སྙིང་པོའི་དབང་ལུང་གནང་།
དེ་ནས་མི་རིང་བར་སླར་ཡང་དབུས་ཕྱོགས་སུ་ཕེབས་ནས་༧གོང་ས་མཆོག་ལ་ཕུར་བ་ཡང་སྙིང་སྤུ་གྲིའི་དབང་ལུང་ཕུལ།༧གོང་ས་མཆོག་ལ་དག་སྣང་གི་གཟིམས་ལམ་ཁྱད་པར་ཅན་བྱུང་ཚུལ་ཁོང་གི་རྣམ་ཐར་ལས་གསལ་བ་དང་།ཕུར་བ་ཡང་གསང་སྤུ་གྲི་ནི་སྐབས་དེ་ནས་གོང་ས་མཆོག་གིས་རྩེ་རྣམ་རྒྱལ་གྲྭ་ཚང་ཏུ་སྒྲུབ་མཆོད་གཏན་འཛུགས་མཛད།༧གོང་ས་མཆོག་གིས་ཕུར་བ་ཡང་གསང་སྤུ་གྲིའི་སྒྲུབ་མཆོད་ལག་ལེན་གྱི་ཡིག་ཆ་ཡང་མཛད།ས་ཕག་ཟླ་བ་དང་པོའི་ཚེས་བཅུ་བཞིའི་ཉིན་རྩེ་ཕོ་བྲང་པོ་ཏཱ་ལར་སྐུ་མཚམས་ལ་བཞུགས་ཡོད་སྐབས་སུ་སྔགས་སྲུང་ཨེ་ཀ་ཙ་ཊིའི་ཞལ་མངོན་སུམ་དུ་གཟིགས།དཔལ་གྱི་གནས་མཆོག་ཙཱ་རིར་ཕེབས་ཤིང་༧གོང་ས་ཆེན་པོའི་སྐུ་ཚེ་བརྟན་པའི་བསྙེན་སྒྲུབ་ཀྱང་གནང་།ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དང་བསྟུན་ནས་སྨན་སྒྲུབ་ཆེན་མོ་ཚུགས།ཁོང་གི་གཏེར་ཆོས་ཕུར་བ་ཡང་སྙིང་སྤུ་གྲི་ལྷ་སར་ཤིང་པར་དུ་བརྐོས། བསམ་ཡས། འཆིམས་ཕུ།ཡར་ལུང་ཤེལ་བྲག་བཅས་སུ་སྐུ་མཚམས་བསྙེན་སྒྲུབ་ལ་བཞུགས།ས་སྐྱར་ཕེབས་ཤིང་ས་སྐྱི་ཁྲི་འཛིན་མཆོག་དང་དབང་ལུང་དབུལ་རེས་གནང་།ས་སྐྱ་དགོན་ཆེན་གྱི་ཉེ་འགྲམ་ཞིག་ནས་འཇམ་དབྱངས་ཀྱི་སྐུ་བརྙན་ཞིག་གཏེར་ནས་བླངས་པ་ཕྱིས་སུ་འཇུ་མི་ཕམ་རིན་པོ་ཆེར་གནང་།ཡར་འབྲོག་གཡུ་མཚོ་ནས་ལག་ལེན་རིན་ཆེན་ལྡེ་མིག་གཏེར་དུ་བཞེས། མཚུར་ཕུར་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་༼༡༨༧༡ནས་༡༩༢༢༽དང་མཇལ་འཛོམ་བྱུང་།
ཕྱིར་ཁམས་སུ་ཕེབས་རྗེས་སུ་བླ་མ་ལུང་རྟོགས་ཀྱི་མདུན་ནས་གདམས་ཁྲིད་མང་པོ་དང་།ཛ་ཀ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་བཀའ་འགྱུར་ཆེན་མོ་ཡོངས་རྫོགས་ཀྱི་བཀླགས་ལུང་དང་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་དབང་ལུང་ཞུས།ལྕགས་གླང་ལོར་༼༡༩༠༡༽སླར་ཡང་དབུས་ལྷ་སར་ཕེབས་ནས་༧གོང་ས་མཆོག་ལ་རྟེན་འབྲེལ་ཉེས་སེལ་གྱི་ཆོས་སྐོར་གནང་།༧གོང་ས་མཆོག་གིས་ཆོས་སྐོར་དེའི་ཆོས་སྐྱོང་མཆོད་པའི་འདོན་དཔེ་ཡང་མཛད།
མེ་ལུག༼༡༩༠༧ལོར་རྫོགས་ཆེན་དགོན་དུ་ཕེབས་ཤིང་ཁོང་གིས་གསོལ་བ་བཏབ་པ་བཞིན་ཁོང་དང་།ཁོང་གི་གསང་ཡུམ། སྲས། གྲྭ་འཁོར་མང་པོར་རྫོགས་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་རིན་ཆེན་གཏེར་མཛོད་ཀྱི་དབང་དང་།དགེ་མང་མཆོག་སྤྲུལ་རིན་པོ་ཆེས་དེའི་ལུང་དང་ཁྲིད་གནང་བ་ཐོབ།ཤིང་སྟག་༼༡༩༡༤༽ལོ་ཡས་མས་ཤིག་ནས་ཁོང་གི་བཞུགས་ཡུལ་རྡོ་ཁོག་སྟོད་དུ་མཛད།དེ་ནི་རྡོ་གྲུབ་ཆེན་བསྟན་པའི་ཉི་མ་དང་ཐག་ཉེ་ས་ཞིག་ཏུ་བཞུགས་བཞེད་ཀྱིས་དེ་ཕྱོགས་སུ་བཞུགས་གདན་གཙོ་བོར་འཇགས།
ཤིང་གླང་༼༡༩༡༥༽ལོར་ཤུག་ཆུང་དགོན་དུ་བྱང་གཏེར་རིག་འཛིན་གདུང་སྒྲུབ་དང་གཤིན་རྗེ་ཚེ་བདག་གི་དབང་སོགས་གནང་།ལོ་དེའི་ཟླ་བ་གཉིས་པའི་ནང་དུ་རྡོ་གྲུབ་ཆེན་བསྟན་པའི་ཉི་མར་ཁོང་གི་གཏེར་ཆོས་ཡོངས་ཀྱི་དབང་ལུང་གནང་།ལོ་དེའི་ཟླ་གསུམ་པའི་ནང་ལ་རྡོ་གྲུབ་ཆེན་དགོན་དུ་ཁོང་གི་དངོས་སློབ་ཆོས་བདག་ཏུ་མངའ་གསོལ་པའི་ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལ་རང་གཏེར་ཡོངས་རྫོགས་ཀྱི་དབང་གནང་།ལོ་དེའི་ཟླ་བཞི་པའི་ནང་དུ་རག་ཀྲམ་བྱམས་པ་གླིང་དང་ཞེ་ཆེན་དགོན་དུ་ཕེབས་ནས་དབང་སོགས་གནང་།དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་སོན་པ་མེ་འབྲུག་༼༡༩༡༦༽ལོར་སློབ་འཁོར་མང་པོར་རྫ་དཔལ་སྤྲུལ་གྱི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སྨྱོ་ཤུལ་ལུང་རྟོགས་ཀྱི་ཞལ་རྒྱུན་བཞིན་ཁྲིད་སྦྱངས་སོགས་སྦྲགས་ནས་གསུངས།ལོ་དེར་རྡོ་གྲུབ་ཆེན་རིན་པོ་བསྟན་པའི་ཉི་མས་རྒྱུད་གསང་བ་སྙིང་པོའི་སྤྱི་དོན་མཛོད་ཀྱི་ལྡེ་མིག་མཛད་སྐབས་ཉག་བླ་བསོད་རྒྱལ་རིན་ཆེས་ཡི་གེ་པ་བྱས་པར་གྲགས།རབ་བྱུང་བཅོ་ལྔ་པའི་པའི་ཆུ་ཕོ་ཁྱིའི་༼༡༩༢༢༽ལོར་རྫོགས་ཆེན་དགོན་དུ་ཕེབས་ནས་དགེ་མང་མཆོག་སྤྲུག་རིན་པོ་ཆེ་དང་འདུས་མང་ལ་ཕུར་བའི་དབང་གནང་།ཤི་་ཕོ་བྱི་བའི་ལོ༼༡༩༢༤༽ལ་དཔལ་རྟ་མགྲིན་དང་།རྡོ་རྗེ་ཀྲོ་ལོད་ཀྱི་ཆོས་སྐོར་བབ་པ་བཞིན་རྡོ་གྲུབ་ཆེན་རིན་པོ་ཆེར་ཕུལ།ལོ་དེའི་ཁོང་རྣམ་པ་གཉིས་ཀྱི་མཇལ་ཐེངས་ཐ་མ་དེར་ཁོང་གཉིས་ཀྱི་ཕན་ཚུན་དར་ཕུལ་རྗེས་སུ་ངས་ཁྱོད་རྗེས་སུ་དག་པའི་ཞིང་ནས་མཇལ་ཡོང་ཞེས་དུས་གཅིག་ལ་མགྲིན་གཅིག་ཏུ་གསུངས།མེ་སྟག་༼༡༩༢༦༽ཟླ་བ་དང་པོའི་ཚེས་བཅུའི་ཉིན་གཏེར་སྟོན་མཆོག་སྐུ་གཤེགས།
ཁོང་ལ་གཏེར་ཆོས་པོད་ཉི་ཤུ་ཙམ་དང་།གསུངས་ཆོས་ཀྱང་ལྕེ་བཙུན་སྙིང་ཐིག་གི་འགྲེལ་བ་སོགས་མང་དུ་བཞུགས།ད་དུང་ཁོང་གིས་སྐུལ་མ་མཛད་ནས་མི་ཉག་གི་མཁས་པ་ཐུབ་བསྟན་ཆོས་ཀྱི་གྲགས་པའམ་ཀུན་བཟང་བསོད་ནམས་ཀྱིས་སྔར་བྱུང་མ་མྱོང་བའི་སྤྱོད་འཇུག་གི་འགྲེལ་བ་ཆེ་ཤོས་དེ་བརྩམས་པ་སོགས་ཕྱོགས་མང་པོ་ནས་རྒྱལ་བསྟན་ལ་ཐུགས་ཁུར་བྱས་རྗེས་ཆེ།
ཁོང་གི་གསང་ཡུམ་གྱི་མཚན་ལ་བུ་མོ་ཟེར་ཞིང་གོ་འཇོ་ཁང་གསར་ཚང་ནས་འཁྲུངས་པ་རེད།མཁའ་འགྲོ་དེ་བསོད་རྒྱལ་རིན་པོ་ཆེ་འདས་རྗེས་སུ་ཡང་ལོ་མང་ཙམ་བཞུགས་ཡོད་འདུགམཁའ་འགྲོ་དེ་ཡང་ཆར་བ་གཅོད་འབེབས་དང་ནད་གདོན་ལས་འགྲོལ་བ་སོགས་བྱིན་རླབས་ནུས་མཐུ་ཆེ་བར་གྲགས།བསྙེན་སྒྲུབ་ཡུན་རིང་པོར་མཛད་ཅིང་ཕུར་བའི་བའི་བསྙེན་པ་ཁོ་ན་ཡང་དུང་ཕྱུར་གསུམ་ཙམ་སོང་།ཁོང་གི་སྲས་ནི་རིག་འཛིན་རྣམ་རྒྱལ་དང་ཆོས་འཕེལ་རྒྱ་མཚོ།སྲས་ཀྱི་སྲས་ཁྲོམ་དགེ་སྤྲུལ་སྐུ་བདེ་ཆེན་རྡོ་རྗེ་སོགས་བྱོན།
རྣམ་ཐར་འདི་ད་དུང་ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོས་མཛད་པའི་རྣམ་ཐར་ཆེན་མོ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་དང་བསྡུར་ནས་དག་བཅོས་སྣོན་འཕྲི་བྱེད་དགོས་བྱེད་དགོས།


No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།