མ་བུ་བར་གྱི་ཁ་རྩོད། ༼༣༽

མས། ཁྱོད་ལ་ཨ་ཞང་དྲིན་ཅན་གྱིས་ཡི་གེ་བསླབས། གཟན་ཤམ་བསྐོན། གྲྭ་ས་ལ་ཁྲིད་སོང་ང་། ཁྲེལ་ངོ་ཚ་མེད་མཁན་ཁྱོད་ཀྱིས་དེ་ཚོའི་དྲིན་ལ་བསམ་བློ་རེ་ཡང་གཏོང་མ་ཤེས་ནི་ཨེ་རེད།

བུས། ཨ་ཞང་ཡིན་ན་ཡང་འདྲ། ཁྱོད་ཚོ་ཚང་མས་རང་གི་ཤེས་ཚོད་གིས་ང་ལ་ལམ་ཞིག་སྟོན་པའི་འབད་བརྩོད་བྱས་པའི་བཀའ་དྲིན་དེ་ངས་ནམ་ཡང་བརྗེད་མེད། ང་ལ་ཡི་གེ་ཞིག་བསླབས་པ་དེས་ཀྱང་ཕན་ཆེན་པོ་ཐོགས་འདུག ད་ལྟ་ངས་གསར་འགྱུར་རེ་དང་སྒྲུང་ཡིག་རེ་ལས་མིན་ན་ཡང་འདོན་ཤེས་ཁི། དཔེ་ཆ་ཞིག་ལྟ་བཅུག་པ་དེས་ཀྱང་ཕན་ཐོགས་འདུག ལོ་ཡར་རྒས་དུས་ཁ་ཐོན་རེ་བཏོན་ན་ཡང་ཚིག་རྗེས་དོན་དྲན་བྱེད་ཤེས་ནི་རེད། དེ་ཡིན་དུས་ཁྱོད་ཚོས་ང་གྲྭ་བ་བྱེད་བཅུག་པ་དེ་ཡང་ཡག་པོ་ཡོང་ཡོད་ཁི། མཚམས་ཞིག་ནས་ང་རང་གི་རང་ཚོད་རང་གིས་ཟིན། རང་ངོ་རང་གིས་ཤེས་ནས་རང་མགོ་མ་བསྐོར། གཞན་མགོ་མ་བསྐོར། ཁྱེད་ཚོའི་མགོ་ཡང་མ་བསྐོར་ནས་མར་གྲྭ་བ་ལོག་བཞག་པ་དེ་ཡང་ཡག་པོ་ཡོང་ཡོད་ཁི་བསམ་གི། ང་གྲྭ་བ་མ་ཡོང་བ་དེ་ང་རང་གི་མི་ཚེ་སྐྱེལ་སྟངས་ཤིག་བདམས་པ་རེད་མ་གཏོགས་ཨ་ཞང་ལ་ངོ་ལོག་རྒྱབ་གཏོད་བྱས་ནི་ཞིག་མ་རེད། ཨ་ཞང་གིས་ང་ལ་ཡི་གེ་ཞིག་བསླབས་ནི་རེད། ཡི་གེ་ཞིག་ཤེས་ཀྱང་ཡོད་ནི་རེད། དེ་ནི་ད་རུང་ཡང་མི་བརྗེད་ཁི། ཨ་ཞང་གིས་ང་ལ་ཡི་གེ་ཞིག་བསླབས་དོ་ཡོད་ནི་རེད་མ་གཏོགས་ངའི་རྒྱུད་ཀྱི་བདག་འཛིན་དང་དེ་ལས་བྱུང་བའི་ཆགས་སྡང་དེ་ཚོ་མེད་པ་བྱེད་དོ་ཡོད་ནི་མ་རེད།
མས། ཨོ་རེད་རེད། ད་ཡག་པོ་རེད་ཡོད་ཁི། ཕན་ཅི་ཐོགས། ཡི་གེ་བསླབས། དཔེ་ཆ་བལྟས་པ་ཚང་མ་འཕྲོ་བརླགས་ལ་སོང་ནི་རེད། ཁྱོད་གྲྭ་བ་ཞིག་བྱེད་ཁུལ་བྱས་པ་དེ་ཕན་ཐོགས་བས་གནོད་པ་ཆེ་ནི་ཞིག་དུ་སོང་ནི་རེད།
བུས། ཨོ་ད་དེ་ཕན་ཐོགས་བས་གནོད་པ་ཆེ་ནི་ཞིག་ཏུ་སོང་ཡོད་དུས་མ་ཉན་མ་འགྲིགས་པ་ཚང་མ་ང་གྲྭ་ལོག་པའི་ཉིན་དེ་ནས་ཡོང་ནི་མ་རེད། མ་འགྲིགས་མ་ཉན་པ་ཚང་མ་ང་ཡར་གྲྭ་བ་བྱེད་པའི་ཉིན་དེ་ནས་མགོ་བཙུགས་ནི་རེད། མི་ཞིག་གི་སེམས་ན་ངེས་འབྱུང་སྤུའི་རྩེ་ཙམ་ཡང་མེད་མཁན་ཞིག་ཟོག་སེམས་ཅན་ཚེ་ཐར་གཏོང་གཏོང་བྱས་ནས་དགོན་པའི་ནང་ལ་ཞུགས་ཁ་བཅུག ཞ་ཞིས་བསམ་མེད་ཅིག་ལ་གྲྭ་བ་བྱས་ན་ཟ་རྒྱུ་འཐུང་རྒྱུ་མང་ལུགས། ལས་ཀ་ཡངས་ལུགས། མྱིའི་བརྩི་བཀུར་ཡོད་ལུགས། ཕ་མ་ཡི་དྲིན་ལན་སོད་ལུགས་ལ་སོགས་པ་བཤད་ནས་ལུས་ལ་སངས་རྒྱས་ཀྱི་ན་བཟའ་ལུས་ལ་བསྐོན་ནས་ཤི་གསོན་གྱི་དཀོར་ནག་ཆུ་འཇུང་འཇུང་བྱེད་དུ་འཇུག་པའི་མགོ་བཙུགས་ཁ་འཇུག་མཁན་སུ་ཡིན་ན་དེ་ཚོས་མ་ཤེས་ནི་རེད། བསྟན་པ་བཤིག་ནི་ཡིན་ན་བཤིག་མཁན་ངོ་མ་བོ་དེ་ཚོ་རེད།
མུ་འགོད

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།