༼ང་དང་མ་རྒན་གཉིས་ཀྱི་རྩོད་གླེང་ཞིག་དུམ་བུ་ཁ་ཤས་ལ་བགོས་ནས་རིམ་པས་གཏོང་གི་ཡིན།༽
སྔོན་གླེང་ཐུང་ངུ་ཞིག
འདི་ནི་ངའི་མ་རྒན་དང་ངེད་གཉིས་བར་ལ་ཁ་པར་བརྒྱུད་ནས་བྱུང་བའི་གླེང་མོལ་དུམ་བུ་ཞིག་རེད། ངས་སྒྲ་དཔར་འཕྲུལ་ཆས་ལ་སྐབས་དེའི་གླེང་མོལ་གྱི་སྒྲ་བཅུག་ཡོད་ཀྱང་ངའི་ཕྱོགས་ཀྱི་སྐད་ཆ་མ་གཏོགས་མ་རྒན་གྱི་སྐད་འཇུག་ཐུབ་མེད་སྟབས་མ་རྒན་གྱི་སྐད་ཆའི་ཚིག་ཟིན་ཅི་བཞིན་འབྲི་ཐུབ་མེད། ཡིན་ན་ཡང་མོ་རང་གིས་བཤད་པའི་སྐད་ཆའི་ནང་དོན་ཆད་མེད་དུ་བཀོད་ཡོད་ཐོག་སྐད་ཆའི་གོ་རིམ་དང་བརྗོད་ཚིག་བེད་སྤྱད་སྟངས་མང་པོ་ཞིག་ཕལ་ཆེར་ཅི་མ་ཅི་བཞིན་དུ་འབྲི་ཅི་ཐུབ་བྱས་ཡོད། ངའི་ཕྱོགས་ཀྱི་སྐད་ཆའི་ནང་དོན་ལ་ཆད་ལྷག་གང་ཡང་མེད་མོད་མཚམས་རེར་བརྗོད་ཚིག་གཅིག་བསྐྱར་བཟློས་ཡང་བཟློས་བྱས་པ་དང་། མཚམས་རེར་ངས་དབུས་སྐད་ལྟ་བུ་ཞིག་བཤད་ཤོར་བ་མོས་མ་གོ་བས་གསལ་བཤད་བྱེད་དགོས་བྱུང་བ་ཁ་ཤས་ཡོད་པ་དེ་ཚོ་བཀོད་མེད།
འདི་ནི་ངའི་མ་རྒན་དང་ངེད་གཉིས་བར་ལ་ཁ་པར་བརྒྱུད་ནས་བྱུང་བའི་གླེང་མོལ་དུམ་བུ་ཞིག་རེད། ངས་སྒྲ་དཔར་འཕྲུལ་ཆས་ལ་སྐབས་དེའི་གླེང་མོལ་གྱི་སྒྲ་བཅུག་ཡོད་ཀྱང་ངའི་ཕྱོགས་ཀྱི་སྐད་ཆ་མ་གཏོགས་མ་རྒན་གྱི་སྐད་འཇུག་ཐུབ་མེད་སྟབས་མ་རྒན་གྱི་སྐད་ཆའི་ཚིག་ཟིན་ཅི་བཞིན་འབྲི་ཐུབ་མེད། ཡིན་ན་ཡང་མོ་རང་གིས་བཤད་པའི་སྐད་ཆའི་ནང་དོན་ཆད་མེད་དུ་བཀོད་ཡོད་ཐོག་སྐད་ཆའི་གོ་རིམ་དང་བརྗོད་ཚིག་བེད་སྤྱད་སྟངས་མང་པོ་ཞིག་ཕལ་ཆེར་ཅི་མ་ཅི་བཞིན་དུ་འབྲི་ཅི་ཐུབ་བྱས་ཡོད། ངའི་ཕྱོགས་ཀྱི་སྐད་ཆའི་ནང་དོན་ལ་ཆད་ལྷག་གང་ཡང་མེད་མོད་མཚམས་རེར་བརྗོད་ཚིག་གཅིག་བསྐྱར་བཟློས་ཡང་བཟློས་བྱས་པ་དང་། མཚམས་རེར་ངས་དབུས་སྐད་ལྟ་བུ་ཞིག་བཤད་ཤོར་བ་མོས་མ་གོ་བས་གསལ་བཤད་བྱེད་དགོས་བྱུང་བ་ཁ་ཤས་ཡོད་པ་དེ་ཚོ་བཀོད་མེད།
བོད་ཀྱི་སྐད་འདི་ལ་སྤྱི་སྐད་ཡག་པོ་ཞིག་ཆགས་མེད་སྟབས་ངེད་མ་བུ་གཉིས་ཀས་རང་གི་སྐྱེས་ཡུལ་གྱི་ཡུལ་སྐད་ཁོ་ན་བེད་སྤྱད་དེ་གླེང་མོལ་བྱས་པ་རེད།
ཡུལ་སྐད་དང་ཡིག་སྐད་ལ་མི་འདྲ་བ་ཧ་ཅང་ཆེ་ཐོག་དོན་སྟོན་སྟངས་ཀྱི་ཆ་ནས་ཀྱང་མཚམས་རེར་ཡིག་སྐད་ཀྱིས་ཅི་བཞིན་མཚོན་མི་ནུས་པ་དུ་མ་ཞིག་ཁ་སྐད་ཀྱིས་ལས་སླ་བོར་མཚོན་ནུས་པ་དང་།
སྐབས་ཕལ་མོ་ཆེར་ཡིག་སྐད་ཀྱི་ནང་དུ་ཡོད་པ་མང་པོ་ཞིག་ཡུལ་སྐད་རྒྱག་མཁན་གྱི་མི་ཕལ་མོ་ཆེས་གོ་མི་ཐུབ་པའི་དཀའ་ངལ་ཞིག་འདུག
སྤྱིར་ན་ཡུལ་སྐད་ཉི་ཚེ་བ་ཡིག་ཐོག་ཏུ་འབེབས་པ་དེ་མཚམས་རེར་སྙན་པོ་དང་དོན་གནད་གས་ལ་བོར་སྟོན་ནུས་པའི་དགོས་གལ་ཆེ་རུང་ཀློག་པ་པོ་ཕལ་མོ་ཆེས་གོ་ཐུབ་སྟབས་ང་རང་ཉིད་དེ་ལ་དགག་པ་རྒྱག་མཁན་ཞིག་ཡིན།
ཡིན་ན་ཡང་སྐབས་འདིར་ངེད་མ་བུ་གཉིས་ཀྱི་གླེང་མོལ་དེ་ངས་ཁ་སྐད་དམ་ཡུལ་སྐད་གཞིར་བཞག་གིས་བཀོད་དགོས་བྱུང་།
འདི་ནི་ཕལ་ཆེར་ཡུལ་མི་ཉག་གི་འབྲོག་སྡེ་ཁག་གཅིག་གི་ཡུལ་མི་ཚོ་མ་གཏོགས་གཞན་གྱིས་གོ་བ་ཆ་ཚང་ལོན་མི་ཐུབ་མོད་ཆེད་དུ་རང་གི་ཁྱིམ་མི་ཚོས་གོ་ནུས་ཆེད་དུ་ཁ་སྐད་ཀྱི་ཚིག་སྦྱོར་དང་།
ཚིག་རྔ་བསྡུ་སྟངས། ཕྲད་སྦྱར་སྟངས་མང་པོ་ཞིག་སུམ་རྟགས་དག་གསུམ་སྤྱི་ལུགས་བཞིན་བྲིས་མེད་པས་ཁ་བ་རི་པའི་རིག་གནས་རིན་པོ་ཆེར་དུང་ཞེན་ཟབ་པའི་དཔྱོད་ལྡན་ཚོར་སྙིང་གི་ཟབ་ས་ནས་མཐོལ་ཞིང་བཤགས་ལ་བཟོད་པར་གསོལ་བ་ལགས།
ཚད་ལྡན་ཡིག་སྐད་ཀྱི་སྟེང་དུ་ཟུར་དུ་ཕབ་འདོད་ཡོད་མོད་སྐད་ཆའི་སྒྱུ་རྩལ་དང་ཚོར་བའི་རྣམ་འགྱུར་ཆད་ལུས་མེད་པར་འགོད་ཐུབ་མིན་ངེས་པ་མ་མཆིས་པས་གནས་སྐབས་ཤིག་བཏང་སྙོམས་སུ་འཇོག་པར་མོས།
འདི་ནི་མ་བུ་གཉིས་ཀྱི་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཀྱི་འགལ་བ་ཛ་དྲག་ཅན་ཞིག་དང་།
ཡུལ་སྲོལ་ངོ་ཚ་དང་གུས་ཞབས་ཀྱི་ཁྲིམས་སྲོལ་ལས་འདས་ཏེ་ངག་སྒོ་ཡངས་པོ་དང་ཁ་གསོང་བོས་བསམ་ཚུལ་དང་འགལ་བ་འཛེམས་ཟོན་མེད་པར་གླེང་བའི་སྙིང་སྟོབས་ཤིག
ཆོས་ལུགས་དད་མོས་དང་། ཡུལ་སྲོལ་ཐུན་མིན་ལ་དུང་ཞེན་ཆེ་བའི་སྤྱི་ཚོགས་ཤིག་ཏུ་བྱུང་དང་འབྱུང་བཞིན་པའི་དཀའ་ངལ་ཞིག
འཇིག་རྟེན་དང་མི་ཚེའི་རིན་ཐང་ལྟ་ཚུལ་བར་གྱི་དཔྱད་བསྡུར་རྣོན་པོ་ཞིག ཡུལ་སྲོལ་རྒྱུན་འཛིན་གྱི་ཞེན་པ་དང་ཆོས་ལ་དད་པ་ཟབ་པའི་མ་ཞིག་གིས་རང་གི་བུ་ལ་བཅངས་པའི་བརྩེ་བའི་རྣམ་འགྱུར་སྟོན་སྟངས་ཤིག་རེད་ལ་རང་དབང་གི་ཡུལ་གྲུར་གནས་ཤིང་རྒྱུ་བའི་བུ་ཞིག་གིས་རང་གི་མ་ལ་གུས་བརྩེའི་གླེང་མོལ་བྱ་སྟངས་ཤིག་ཀྱང་རེད།
མི་ལོ་བཅུ་ལ་རང་ཁྱིམ་ནས་བསྒུགས་པའི་མ་ཞིག་གི་རེ་བ་སྟོང་ཟད་དུ་སོང་བའི་ངུ་ངག་རིང་མོ་ཞིག་རེད་ལ་རྒྱང་རིང་རྒྱ་མཚོའི་ཕ་མཐར་གྱར་བའི་བུ་ཞིག་གི་བུ་ཞིག་གི་མི་ཚེའི་འགྱུར་བ་གླེང་བའི་དྲང་གཏམ་ཤིག་ཀྱང་རེད།
གླེང་མོལ་འདིའི་ཁྲོད་ནས་ངེད་མ་བུ་གཉིས་ཀྱི་སེམས་ཁམས་གྲུབ་ཕྱོགས་དང་འགལ་འབྲེལ་གྱི་ཁུགས་སོ་རེ་རེ་བཞིན་ངེད་མ་བུ་གཉིས་བར་ཁོ་ནའི་འགལ་འབྲེལ་ཙམ་མ་ཡིན་པར་རྒྱ་་ཆེ་ལ་རྣམ་གྲངས་མང་བའི་སྤྱི་ཚོགས་ཆེན་པོའི་སྤྱིའི་སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགལ་འབྲེལ་ཆེས་མང་པོ་ཞིག་མཐོང་ནུས་པས་ཀློག་པ་པོ་ཁྱེད་ལ་བསམ་གཞིག་གི་གོ་སྐབས་མང་པོ་ཞིག་དབང་མེད་དུ་སྦྱིན་ངེས་ཡིན།
འདི་ནི་ངས་ངེད་མ་བུ་གཉིས་ཀྱི་བར་ཀྱི་དཀའ་ངལ་དེ་ལ་ཁྱོད་ཚོས་སེམས་གསོ་རེ་ཡོང་འདོད་པས་མིན་ལ་གཟུ་དཔང་རེ་བྱེད་འདོད་པ་དེ་བས་ཀྱང་མིན།
འགལ་འབྲེལ་གྱི་རྩོད་རྙོགས་ཟེར་བ་དེ་ནི་ལུས་དང་གྲིབ་མ་བཞིན་དུ་མིའི་སྤྱི་ཚོགས་དང་འབྲལ་ཐབས་མེད་པ་ཞིག་ཡིན་སྟབས་ཆེ་ས་ནས་རྒྱལ་ཁབ་དང་།
ཆོས་ལུགས་ཆོས་རྒྱུད། ཚོགས་སྡེ་དང་གྲོང་ཚོ། ཁྱིམ་མཚེས་དང་གྲོགས་པོ། ཕ་མ་སྤུན་སྲིང་།
བཟའ་ཟླ་བུ་ཕྲུག་སུ་ཡིན་ཡང་བྱུང་དང་འབྱུང་བཞིན་པ་ཞིག་ཡིན་པ་ལས་ངེད་མ་བུ་གཉིས་པོ་ཁོ་ནའི་དཀའ་ངལ་ཞིག་མིན་པས་ངས་གླེང་མོལ་འདི་ཀློག་པ་པོའི་སྤྱན་སྔར་འབུལ་བར་འཛེམས་ཟོན་སྤུ་ཙམ་ཡང་མེད།
ཡིན་ན་ཡང་ངའི་གླེང་མོལ་དངོས་གཞིར་གསལ་བ་བཞིན་མི་དང་མིའི་བར་གྱི་ངལ་བ་ཟེར་བ་དེ་ཆེ་ཆུང་གང་ཞིག་ཡིན་རུ་གྲོས་མོལ་དང་བསམ་ཤེས་བྱས་ནས་སེལ་དགོས་པ་ཞིག་ཡིན་པའི་མན་ངག་འདི་སྐྱེ་བོ་སུ་ཞིག་གི་སྙིང་གི་བུ་གར་ཅུང་ཟད་རེ་སིམ་ཐུབ་པ་བྱུང་ན་ངའི་ངལ་བ་དོན་མེད་དུ་མ་གྱུར་བ་རེད།
ངེས་འབྱུང་སྲབ་ཀྱིས་ཁ་ལོ་མ་བཏུལ་བའི༎
ལུས་དང་སེམས་ཀྱི་རྟ་མཆོག་རྒོད་པོ་ལ༎
ངུར་སྨྲིག་གོས་ཀྱི་གསེར་སྒས་བརྒྱན་པ་འདིས༎
ཐར་བའི་གནས་ལ་མི་སྐྱེལ་ཐག་ཆོད་རེད༎
ཆེ་ཆུང་བྱ་བ་གང་དང་གང་ཡིན་ཡང་༎
རང་ཉིད་དབུས་སུ་བཞག་པའི་འཐབ་ཇུས་འདིར༎
དམ་པའི་ཆོས་ཀྱི་དར་ཆ་བཏགས་ན་ཡང་༎
ལས་གཤིན་རྒྱལ་པོ་དགྱེས་པའི་ལས་དེ་མིན༎
ཆོས་དད་གཉེན་དད་ཆེ་བའི་ཕ་མ་ཡིས༎
བསམ་མེད་བྱིས་པ་དཀོར་གྱིས་ཁ་བྲིད་ནས༎
གཡང་ནོར་ཚེ་ཐར་བཏང་འདྲའི་གྲྭ་བ་ཚོ༎
དམ་ཆོས་འདུལ་བའི་བསྟན་པའི་གདུལ་བྱ་མིན༎
གྲྭ་བའི་མིང་དང་ཆ་ལུགས་བཟུངས་ཉིན་ནས༎
ལོ་དང་ཟླ་བ་བསྐྱལ་བའི་དེ་རིང་བར༎
གྲུབ་པའི་འབྲས་བུ་སེམས་ལ་མ་ཐོན་ན༎
གླེན་པའི་ཨུ་ཚུགས་རང་གཞན་མགོ་སྐོར་ཡིན༎
ཕྱི་རོལ་མི་སྟེགས་པས་ཀྱང་སྡོམ་པ་སྲུང་༎
རྔོན་པ་དུག་མདའ་ཅན་གྱིས་ཆོས་གོས་གྱོན༎
འཁོར་བའི་བདེ་ལ་ཞེན་པ་མ་བྲི་ན༎
ཆོས་པའི་མིང་དང་ཆ་ལུགས་དེས་ཅི་བྱ༎
མི་ཡུལ་ས་མཐའ་བལ་བོའི་རྒྱལ་ཁམས་ནས༎
མི་ཡི་ཐ་མ་རྡོ་རྗེ་ཚེ་སྲུང་གིས༎
མི་བྱེད་མི་བྱེད་གྲྭ་བ་མི་བྱེད་ཅེས༎
མི་ལ་མ་དྲིས་རང་ཐག་རང་གིས་བཅད༎
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།