མས། གྲྭ་བ་བྱས་ནས་བསྡད་ན་གྲུབ་འབྲས་ཚེ་ཕྱི་མ་ལ་ལོས་སྨིན།
ཡིན་ན་མིན་ན་ད་ལྟ་མྱིག་གིས་རིག་ས་མཐོང་ས་འདི་ནས་ཐོན་ཅི་དགོས།
བུས། དེ་དགོས་ནི་རེད།
སངས་རྒྱས་ཟེར་བ་དེ་མྱི་ཞིག་ཉི་མ་ནས་ཉི་མ། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བཞིན་དུ་རང་གི་སེམས་ཐོག་གི་འདོད་ཆགས་ཞེ་སྡང་ཇེ་ཆུང་ལ་སོང་།
ཤེས་རབ་སྙིང་རྗེ་ཇེ་ཆེ་ལ་སོང་ནས་སངས་རྒྱས་དགོས་ནི་རེད་མ་གཏོགས་ཟླ་བ་དང་ལོ་ཅི་ཙམ་སོང་ཡང་བཟང་སྐྱེད་སྐར་མ་གང་མེད་ན་ཉི་མ་གཅིག་ལ་སངས་རྒྱས་ཟེར་ནས་ལྷ་འབབ་འབབ་བྱེད་ཡོང་ནི་ཞིག་མ་རེད།
མས། སངས་རྒྱས་ཀྱི་ན་བཟའ་གཟན་ཤམ་དེ་མར་ལ་ཕུད་ནས་ད་ཁྱོད་ལ་ཡག་པོ་ཡོང་རྒྱུ་ཅི་ལ་ཡོད།
བུས། སངས་རྒྱས་ན་བཟའ་ཡིས་སངས་རྒྱས་ནི་མ་རེད།
མས། གཟན་ཤམ་གོན་ནས་ཕན་ཐོགས་མེད་ན་སངས་རྒྱས་ཤཱཀྱ་ཐུབ་པས་རྒྱལ་པོའི་ན་བཟའ་དེ་ཡང་རྔོན་པ་ལ་ཆོས་གོས་ཞིག་དང་བརྗེས་ནས་མནབ་ཟིག
དེ་ཅི་རེད། རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་ཉི་མ་རེ་རེ་བཞིན་ནངས་སྔ་མོ་ཡར་བཞེངས་དུས་ཁོང་གིས་དེ་རིང་ཡང་སངས་རྒྱས་ཀྱི་རབ་ཏུ་བྱུང་བའི་ན་བཟའ་འདི་གོན་རྒྱུ་རག་ནོ་འདི་བསོད་ནམས་ཆེ་སོང་དགོངས་ནས་ཐུགས་དགའ་བཞིན་དུ་གཟན་ཤམ་མནབ་གི་ཡོད་གསུངས་ཡོད་ཁི།
ཨོ་ཧ་བོ། གཟན་ཤམ་རེ་གོན་ཐུབ་ན་ཕན་ད་ལོས་ཐོགས།
བུས། སངས་རྒྱས་དང་རྒྱལ་བ་ཡིད་བཞིན་ནོར་བུ་ཚོ་དང་ང་ཚོ་བསྡུར་རྒྱུ་ཞིག་ཅི་ཡོད།
སངས་རྒྱས་ཟེར་དེ་དང་པོ་རྒྱལ་པོའི་སྲས་ཤིག་རེད། རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རྒྱུའི་ལུང་བསྟན་ཡོད་ནི་ཞིག་རེད།
ཡིན་ན་ཡང་ཁོང་གིས་རྒྱལ་པོའི་རྒྱལ་སྲིད་ཀྱང་བཞག་ནས་ཆོས་ཉམས་ལེན་བྱས་པ་རེད། རྒྱལ་བ་རིན་པོ་ཆེ་ཟེར་བ་དེ་བོད་གངས་རིའི་ལྗོངས་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོ་རེད།
ཡིན་ན་ཡང་རང་གི་རྒྱལ་ས་འཕྲོག་མཁན། རང་གི་མི་སེར་ས་ཡ་གཉིས་གསོད་མཁན་གྱི་རྒྱ་དམར་གུང་ཁྲན་ཏང་ཡིན་ན་ཡང་སྙིང་རྗེ་དང་བཟོད་པ་བསྒོམ་ནས་བུ་སྤུན་གྱི་འདུ་ཤེས་བཞག་ནས་གྲོས་བསྡུར་ཡོང་ན་མ་གཏོགས་དྲག་པོ་བྱེད་མི་རུང་གསུངས་ནས་འཚེ་མེད་ཞི་བའི་ལམ་ཉམས་སུ་བླངས་ནས་སྐུ་ཚེ་གང་བོར་བཞུགས་མཁན་ཞིག་རེད།
སྡེ་དེ་ཚོ་ལ་ནང་ན་གཟུངས་བཞུགས་ཡོད་ནི་རེད། ང་ཚོ་ལ་མེད་ཨ། ཞག་གཅིག་གི་ཉལ་ས་བདེ་མོ་ཞིག་དང་ཐེངས་གཅིག་གི་ཟ་མ་ཡིན་ན་ཡང་གང་ཡག་དེ་ཨི་རག་གི་བསམ་པ་མ་གཏོགས་མེད་མཁན་རེ་སངས་རྒྱས་ཐུགས་རྗེ་ཅན་དང་རྒྱལ་བ་རིན་པོ་ཆེ་ཚོ་ལ་བསྡུར་རྒྱུ་ཞིག་གང་ན་ཡོད།
གཟན་ཤམ་ཟེར་རྒྱུ་དེ་ཕྱིའི་མཚོན་བྱེད་ཙམ་ཞིག་རེད། ནང་ན་མཚོན་བྱ་ཡོད་ན་ཕྱིའི་མཚོན་བྱེད་ཡག་ནི་རེད།
མཆོད་རྟེན་ཞིག་ལ་ནང་ན་གཟུངས་བཞུགས་མེད་ན་ཕྱིའི་བང་རིམས་དང་ཆོས་འཁོར་ཟེར་བ་དེ་ཚོ་ཡོད་ན་ཡང་བྱིན་རླབས་འདྲ་ཡོད་ནི་མ་རེད།
ངས་ཁྱོད་ལ་གཟན་ཤམ་རྔོན་པས་ཀྱང་གྱོན་ནི་རེད་ཟེར་དོན་དེ་ཡིན།
མས། ད་ཁྱོད་བླ་བཙོང་འདིས་ལས་ཀ་བྱ་བ་གང་གི་བཙོག་བཙོག་བྱས་ནས་བསྡད་ཡོད་ནས་ལྷ་ཆོས་སྐྱོང་སྲུང་མས་བཀའ་ཆད་འདྲ་ཞིག་རྒྱུག་གི་ཡོད་ནི་ལོས་ཡིན།
ཁྱིམ་ཚང་འདི་ལ་མྱི་ཤི་ན་ཚ་རྒྱུན་མ་ཆད་པ་བྱུང་ནས་སྐྱིད་པོར་འདུག་ཁ་མི་འཇུག་ཁི།
བུས། ཧོ་ཧོ། ཆོས་སྐྱོང་སྲུང་མའི་བཀའ་ཆད་ཡིན་ནམ་དེ་བཤད་ཡོང་དུས་ང་ངོ་ཚ་ཡོང་ཁི།
བོད་པ་ཚང་གི་ཆོས་སྐྱོང་སྲུང་མ་ཡིན་ནམ་དེ་ཚོ་ལ་བཀའ་ཆད་ཟེར་རྒྱུ་ཞིག་གཏང་རྒྱུ་ཡོད་ན་མའོ་ཙེ་ཏུང་གིས་གནམ་ས་མགོ་སྟེང་བསྒྱུར་ནི་འདྲ་ཞིག་བྱས་ནས་བོད་གངས་ཅན་པ་ཚང་གི་ཆོས་སྲིད་གཉིས་ཀའི་མགོ་ཡར་བཀྱག་རྒྱུ་མེད་ནི་ཞིག་བྱས་ཡོད་ཁི།
དེ་ལ་བཀའ་ཆད་མི་གཏང་དོན་ཅི་ཡིན་ནམ། ཁྱོད་ང་ཚོ་འདྲ་འདྲའི་མྱི་ཉམས་ཆུང་ཁ་མ་ཎིི་ཡི་བདག་པོ་དང་ལག་ཕྲེང་བ་ཡི་བདག་པོ་དེ་ཚོའི་སྟེང་ལ་བཀའ་ཆད་རེ་གཏང་རྒྱུ་མ་གཏོགས་གོ་ཆོད་གི་མེད་ན་ཆོས་སྐྱོང་སྲུང་མ་ཡིན་ནམ་དེ་ཚོར་མཆོད་མཆོད་བསྟོད་བསྟོད་བྱེད་འདུག་པ་དེ་ཇ་ཕུད་འཕྲོ་བརླགས་རེད།
མ་གཞི་སྐྱེ་རྒ་ན་འཆི་ཟེར་རྒྱུ་དེ་མྱི་ཚེ་འདིའི་ཐོག་ན་འབྲོ་ས་མེད་པ་དང་འབྲལ་ཐབས་མེད་ནོ་དེ་རེད།
མྱི་ཤི་ན་ཚ་ཟེར་རྒྱུ་དེ་ཆོས་སྐྱོང་སྲུང་མའི་བར་ཆད་ཚོ་ཅི་ལ་ཡིན། གལ་སྲིད་ངས་ལས་ཀ་ལས་སྟངས་མ་འགྲིགས་ནས་ཆོས་སྐྱོང་སྲུང་མའི་བཀའ་ཆད་བཏང་ནི་ཡིན་ན་ལས་བྱེད་པ་པོ་ངའི་སྟེང་ལ་མི་གཏོང་བར་ཁྱོད་ཚོའི་སྟེང་ལ་ཅི་བྱས་ནས་བཏང་ནི་རེད།
དེ་འདྲ་ཞིག་ཡིན་ན་ཆོས་སྐྱོང་སྲུང་མ་ཡིན་ནམ་དེ་ཚོའི་མྱིག་ཞར་ཡོད་ས་རེད། སྡུག་གུང་ཁྲན་ཏང་གི་ཁྲིམས་ཡིན་ན་ཡང་བུ་ཡི་ནག་ཉེས་བསགས་ན་ཕ་ལ་ཉེས་ཆད་མི་ཕོག་ཟེར་ཁི་ཡོད་ཨ།
ངས་གཟན་ཤམ་མར་ཕུད་ནས་ལོ་ལྔ་དྲུག་ཅིག་ཡིན་ད་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་ཅི་ཡང་མེད་ཁི།
ལོ་དེ་ཚོའི་རིང་ལ་ཆམ་པ་ངན་པ་ཞིག་ཕོག་ནོ་ཡང་མི་དྲན་ཁི། རྨྱི་ལམ་ཞིག་འཁྲུག་ནོ་ཡང་མི་དྲན་ཁི།
ཉིན་ཞིག་ལ་མྱི་ཚང་མ་ན་རྒྱུ་ཤི་རྒྱུ་ཡིན་དུས་ང་ཡང་ན་ཁི་ལོས་ཡོད། ཤི་ཁི་ལོས་ཡོད། དེ་ཆོས་སྐྱོང་སྲུང་མའི་བར་ཆད་ཚོ་ཅི་ལ་ཡིན།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།