མ་བུ་བར་གྱི་ཁ་རྩོད། ༼༤༽


མས། ད་ཁྱོད་ཚར་སོང་ནི་རེད། བཀའ་ལོག དམ་ཉམས། སྡོམ་ཉམས། ད་ཁྱོད་ལ་ཡག་པོ་ཞིག་ཡོང་རྒྱུ་ཨེ་ཡོད། ཁྱོད་ཀྱིས་རྩ་མའི་བླ་མ་ཚང་མའི་བཀའ་བཅག མཁན་པོ་ཡིད་བཞིན་ནོར་བུའི་བཀའ་དང་རྒྱབ་འགལ་བྱས། ད་ཁྱོད་ཀྱི་ཚེ་འདི་ཕྱི་ཚང་མ་ཚར་སོང་ནི་རེད།

བུས། ཨ། ངས་རྩ་བའི་བླ་མའི་བཀའ་ཞིག་བཅག་མེད་བསམ་ཁི། མཁན་པོ་ཡིད་བཞིན་ནོར་བུ་ནས་བཟུང་སྟེ་ངས་དུས་ཚོད་འདིའི་སྟེང་གི་བླ་མ་རྩ་བ་གང་གི་ཆེ་ཆེ་མང་པོ་ཞིག་བསྟེན་ནས་ཆོས་ཞུས་ནི་ཡིན། ངའི་རྩ་བའི་བླ་མ་བཀའ་དྲིན་ཅན་དེ་ཚོར་ཆོས་པ་རབ་འབྲིང་ཐ་གསུམ་ལ་གདམ་ངག་ཆེ་འབྲིང་ཆུང་གསུང་གནང་རྒྱུ་ཡོད་ཁི། ངས་རྩ་མའི་བླ་མའི་བཀའ་བསྒྲུབས་ནས་བསྟན་པ་སེམས་ཅན་ལ་ཕན་ཐོགས་ཚོ་མ་ཡོང་བ་ཡང་བདེན་པ་རེད། ངས་རྩ་བའི་བླ་མའི་གདམས་ངག་ཉམས་སུ་བླངས་ནས་གྲུབ་རྟགས་མ་ཞོགས་པ་ཡང་བདེན་པ་རེད། ཡིན་ན་ཡང་ངའི་རྩ་བའི་བླ་མ་བཀའ་དྲིན་ཅན་ཚོས་གཞན་མགོ་སྐོར་རུང་ནི་མ་རེད། རང་མགོ་སྐོར་རུང་ནི་མ་རེད། ཆོས་པ་ཟེར་བ་དེ་རབ་ན་ཕྱི་གཙང་ནང་གཙང་ཞིག་དགོས་ནི་རེད། དེ་མ་ཐུབ་ན་ཕྱི་ནང་མཚུངས་པ་ཞིག་དགོས་ནི་རེད་གསུངས་ཁི། ངས་ཕྱི་གཙང་ནང་གཙང་ཞིག་མི་ཐོན་ནོ་ཤེས་ནས་ཕྱི་ནང་མཚུངས་པ་ཞིག་བྱེད་པའི་ལམ་འདི་བདམས་ནི་ཡིན། ངས་གཞན་མགོ་མ་བསྐོར། རང་གིས་རང་མགོ་མ་བསྐོར། དེ་བས་ཀྱང་ངས་རང་གི་རྩ་བའི་བླ་མ་བཀའ་དྲིན་ཅན་ཚོའི་དབུ་མ་བསྐོར་བ་འདི་ཡང་རང་ངོས་ནས་ལས་ཀ་བྱ་བ་ཡག་པོ་ལས་ཡོད་བསམ་ཁི། ང་རང་གི་ཐོན་ཚོད་ཐུབ་ཚོད་གི་རྩ་བའི་བླ་མ་རྣམ་པའི་བཀའ་བསྒྲུབ་སྟངས་ཤིག་ཡིན་བསམ་ནས་བསྡད་ཡོད། སྤྱིར་ན་ངས་རང་གི་མི་ཚེ་སྐྱེལ་སྟངས་འདི་ཕྱི་ནང་མཚུངས་པ་ཞིག་བྱས་པ་འདི་རང་གི་ཉམས་ཚོད་ལ་དཔག་པའི་མི་ཚེ་སྐྱེལ་སྟངས་ཞིག་བདམས་ནི་རེད་མ་གཏོགས་འདི་རྩ་བའི་བླ་མ་ལ་ངོ་ལོག་རྒྱབ་གཏོད་བྱེད་པའི་དོན་དུ་མ་རེད།
མས། ཅི་ཞིག་གི་ཕྱི་ནང་མཚུངས་པ། སྡོམ་པ་བསྲུང་དུས་དེ་རེད། གྲྭ་བས་སྡོམ་མགོ་ཐོན་དུས་དེ་ཕྱི་ནང་མཚུངས་སོང་ནི་རེད།
བུས། ཨ་མ། དེ་མ་རེད། སྡོམ་པ་བསྲུང་ནས་ཕན་ཐོགས་ཡོད་དང་མེད་ཟེར་བ་དེ་སྡོམ་པ་བསྲུངས་བའི་ཀུན་སློང་དང་དམིགས་ཡུལ་ལ་རག་ལས་པ་ཞིག་ཡིན་ནི་རེད། སྡོམ་པ་ད་ཕྱི་རོལ་མི་སྟེགས་པ་ལ་མང་པོ་བསྲུང་རྒྱུ་ཡོད་ནི་རེད། སྡོམ་པ་སྲུང་ཨེ་ཐུབ་མི་ཐུབ་ནས་བཤད་ན་སྡོམ་པ་ཐབ་ཆག་རེ་ཨུ་ཚུགས་བརྒྱབ་ནས་འདུག་ཐུབ་ནི་རེད། ཡིན་ན་ཡང་སྡོམ་པ་ལ་ངེས་འབྱུང་གི་གཞི་རྩ་དགོས་ནི་རེད། འདུལ་བའི་ནང་ན་སྡོམ་པ་ལ་རིགས་འགའ་རེ་གསུང་ཡོད་ནི་རེད། ངེས་པར་འབྱུང་བའི་སྡོམ་པ་ཟེར་བ་དེ་སངས་རྒྱས་གི་རྒྱུ་རེད་མ་གཏོགས་དེ་མིན་པའི་ལེགས་སྨོན་གྱི་སྡོམ་པ་དང་འཇིགས་སྐྱོབ་ཀྱི་སྡོམ་པ་ཟེར་བ་དེ་ཚོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྲ་མ་ཞིག་དྲི་མ་ཉམས་པར་བསྲུང་ན་ཡང་མཐར་ཐུག་དུས་དམྱལ་བ་ལ་འགྲོ་ནི་ཞིག་ཡིན་ནི་རེད། ད་ང་ཚོ་བོད་ལ་ད་ཉེ་བ་ཉེ་གཞིའི་ཁ་རྒྱལ་མགོ་རྣའི་དོན་ལ་གྲྭ་བ་བྱེད་མཁན། ཕ་མ་མྱིང་སྲིང་ཚོའི་མུག་ཁ་གསོ་རོགས་ལ་གྲྭ་བ་བྱེད་མཁན། རང་གི་ལྟོ་གོས་གཏམ་གསུམ་གྱི་དོན་ལ་གྲྭ་བ་བྱེད་མཁན། ཨ་ཞང་ཨ་ཁུ་ཚོས་ཟོག་སེམས་ཅན་ཚེ་ཐར་གཏང་གཏང་བྱས་ནས་གྲྭ་བ་བྱེད་མཁན། ཨོ་ད་དེ་ཚོའི་གྲས་ཀྱི་ཅིག་བསྲུང་ཡོད་པ་དེ་ད་སྡོམ་པ་ཟེར་བ་དེ་ཡིན་རྒྱུ་ཡང་མ་རེད། ངས་ཁྱོད་ལ་སྔོན་དུ་བཤད་ཡོད། ང་ཚོའི་གྲས་འདི་གྲྭ་བ་བྱེད་ཁུལ་བྱས་ནས་ལོ་ནས་ལོ་མཐུད་དེ་བསྡད་ན་ཡང་བཟང་སྐྱེད་སྐར་མ་གང་ཡང་ཐོན་རྒྱུ་མེད་ནོ་འདི་ཡང་དོན་དུ་ངེས་འབྱུང་གཞི་རྩ་མེད་པས་མ་འགྲིགས་ནི་རེད། དཔེར་ན། མྱི་ཞིག་དམག་མྱིའི་ནང་ལ་ཞུགས་དགོས་ན་གཙོ་བོ་ཆ་རྐྱེན་གཉིས་ཚང་དགོས་ནི་རེད། ཆ་རྐྱེན་གཅིག་དེ་ལུས་ལ་ཞ་ལོང་འོན་གསུམ་སོགས་སྐྱོན་མེད་མཁན་ཞིག་དགོས་ནི་རེད། ཆ་རྐྱེན་གཉིས་པ་དེ་སེམས་ལ་སྨྱོ་བ་འཁྲུལ་བའི་སྐྱོན་མེད་མཁན་ཞིག་དགོས་ནི་རེད། ཆ་རྐྱེན་དེ་གཉིས་ཚང་ཡོད་ན་ད་དམག་རྩལ་སྦྱོང་བཅུག་ན་ཉིན་ཞིག་ཕྱི་ལ་དམག་འཁྲུགས་རྒྱག་ས་དང་ནང་གི་བདེ་འཇགས་ལ་ལྟ་རྟོགས་བྱེད་ཐུབ་མཁན་ཞིག་ཡོང་ནི་རེད། མྱི་ཞིག་ལ་དང་པོ་ནས་རྐང་པ་ལྟ་བུ་ཞིག་མེད་ན་དམག་ནང་དུ་ཞུགས་ནས་དམག་རྩལ་ཅི་ཙམ་སྦྱངས་ན་ཡང་མྱི་དེ་ནམ་ཡང་དམག་འཁྲུགས་རྒྱག་རྒྱུ་དང་ནང་གི་བདེ་འཇགས་ལ་ལྟ་རྟོགས་བྱེད་ཐུབ་མཁན་ཞིག་ཡོང་ནི་མ་རེད། དཔེ་དེ་འདྲ་ཞིག་རེད། གྲྭ་བ་བྱེད་མཁན་ཞིག་ཡིན་ན་ཆ་རྐྱེན་གཙོ་བོ་གཅིག་དགོས་ནི་རེད། ཆ་རྐྱེན་དེ་སེམས་ཐོག་གི་ཆ་རྐྱེན་ཞིག་རེད། ཆ་རྐྱེན་དེ་ལ་ངེས་འབྱུང་ཟེར་ནི་རེད། ངེས་འབྱུང་ཟེར་རྒྱུ་དེ་ཁམས་གསུམ་འཁོར་བའི་བདེ་བ་ལ་མ་ཆགས་ནི་ཞིག་དགོས་ནི་རེད། ཆ་རྐྱེན་དེ་ཡོད་སོང་ན་ད་སྡོམ་པ་བསྲུང་ན་བསྲུང་ངོ་ཡོད་ནི་རེད། སྒོམ་ཉམས་ལེན་བྱས་ན་གྲུབ་འབྲས་ཐོན་གི་ཡོད་རྒྱུ་རེད། གཟན་ཤམ་ཞིག་གོིན་ནས་བསྡད་ན་ཡང་མི་མགོ་གཞན་མགོ་མ་བསྐོར་ནི་རེད། ང་ལྟ་བུ་ཡིན་ན་སྡོམ་པ་ཞིག་བསྲུང་། ལུས་ལ་གཟན་ཤམ་ཞིག་གོན་རུང་དོན་ལ་རང་ཟེར་བ་དེ་རྩ་བ་ཆེན་པོ་ཞིག་ལ་བརྩིས་ནས་ནམ་ཡིན་ན་ཡང་ཟ་རྒྱུ་འཐུང་རྒྱུ་མང་ནི་ཞིག་དང་ལས་རྒྱུ་འགུལ་རྒྱུ་ཉུང་ནི་ཞིག་ཏག་ཏག་གི་དོན་ལ་བསམ་འདུག་ཁི་ཡོད་ནི་རེད། ཐ་ན་རོགས་པ་གྲྭ་བ་མིན་མཁན་འགའ་རེ་ཞིག་དང་མཉམ་དུ་ཡོད་ན་ཡང་ང་ད་གྲྭ་བ་ཡིན་བསམ་ནས་འདུག་ས་ཞིག་ཡིན་ན་ཡང་མཐོ་ས་ཞིག་དང་སྐྱིད་ས་དྲོ་ས་དེ་ལ་གཞན་གིས་མ་བཞག་རུང་རང་གིས་འཚངས་ཁ་རྒྱག་གི་ཡོད་ནི་རེད། དོན་དམ་པ་ལ་རང་ཉིད་གི་སེམས་ཐོག་ན་གཞན་དང་མ་འདྲ་བའི་ཁྱད་ཆོས་ཅི་ཡང་མེད་དུས་བསམ་བློ་འདི་དང་སྤྱོད་ལམ་འདིས་རང་མགོ་གཞན་མགོ་གཉིས་ཀ་སྐོར་ཁི་ཡོད་ནི་རེད། འདི་ཚོ་ལ་བལྟས་ཡོང་དུས་མཚམས་མཚམས་ལ་ང་གྲྭ་བ་བྱེད་ཁུལ་བྱས་པ་འདིའི་བདག་འཛིན་དང་ཆགས་སྡང་ང་རྒྱལ་ཇེ་ཆེ་ལ་འགྲོ་སྤྱད་ཡིན་ནི་འདྲ་ཞིག་རེད།
མུ་འགོད།


No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།