མ་བུ་བར་གྱི་ཁ་རྩོད། ༼༥༽


མས། ཧ་བོ། ད་ཡིན་ན་ཁྱོད་ཧ་ཅང་སྐྱིད་ཀི་ཡོད་རྒྱུ་རེད།

བུས། ཨ་ད་སྐྱིད་ཀི། སྐྱིད་པོ་ཟེར་ཡོང་དུས་རྒྱུ་ཆེན་པོ་དང་ཟས་འཐུག་པོ་ཟེར་ན་ཅང་མེད་ད་ནང་སེམས་གི་ཐོག་ལ་བལྟས་དུས་ཧ་ལས་པ་སྐྱིད་ཀི། གཟན་ཤམ་དེ་མར་ཕུད་པའི་ཉི་མ་དེ་ནས་ཁུར་བོ་ཆེན་པོ་རྒྱ་མ་སྟོང་ཕྲག་ཡོད་ནི་ཞིག་ཁུར་ཁུར་ནས་མར་ས་ལ་བཞག་བཞག་ནི་འདྲ་ཞིག་རེད།
གཟན་ཤམ་དེ་མར་ཕུད་པའི་ཉི་མ་ནས་ད་ནི་ང་མྱི་རྫུན་མ་ཞིག་དེ་མི་ངོ་མ་ཞིག་ལ་འགྱུར་ཐལ། དེ་རིང་ནས་ང་མྱི་ཕྱི་ནང་མཚུངས་ནི་ཞིག་རེད་ཐལ་བསམ་ནས་ཧ་ལས་པ་ཞིག་དགའ་ཁི། སྔོན་མ་མྱི་ཚོས་ཀྱང་ཁྱོད་གྲྭ་བ་རེད་ཟེར། རང་གིས་ཀྱང་ཅིག་ཡིན་བསམ་ནས་བསྡད་བསྡད་པ་མ་གཏོགས་དོན་དུ་གྲྭ་བའི་མཚན་ཉིན་ཅིག་ཅི་ཡང་ཚང་མེད་ནི་རེད། ལུས་དེ་གྲྭ་བའི་ཆ་ལུགས་ཅན་ཞིག་ཡིན་ནི་རེད་ད་སེམས་དེ་འཇིག་རྟེན་འཁོར་བ་པ་མྱི་ནག་པ་ཞིག་གི་ས་ན་ཡོད་ནི་རེད། དེ་ཡིན་དུས་རང་གིས་རང་ཚོད་ཟིན་ཁི་ཡོད་ནི་མ་རེད། ངས་གཟན་ཤམ་དེ་མར་ཕུད་པའི་ཉི་མ་དེ་ནས་བཟུང་སྟེ་ནང་སེམས་ཀྱི་ཕྱོགས་ནས་ཀྱང་རང་ཚོད་རང་གིས་ཟིན། རང་ཐག་རང་གིས་ཆོད་ནས་ད་ནི་ང་བསམ་བློའི་ཐོག་ནས་རང་ཚུགས་ཐུབ་པའི་མྱི་ཞིག་རེད་བསྡད་ཡོད་བསམ་གི། ཕྱི་འཚོ་བའི་ཕྱོགས་ནས་བསམ་ན་སྔོན་མ་གྲྭ་བ་ཟེར་བ་དེ་ཡིན་དུས་ལྟོ་གོས་སྣུམ་པོ་འདྲ་ཞིག་ཡོད་ན་ཡང་དོན་དུ་མྱི་ཞིག་གིས་ཨི་གསོ་བལྟས་བསྡད་ཡོད་ནི་རེད། འཚོ་བ་གཞན་བརྟེན་རེད། མྱི་ཞིག་གི་ལག་ནས་ཤི་ཟས་གསོན་ཟས་གི་དཀོར་དེ་ཚོ་ལེན་རྒྱུའི་ཐོབ་ཐང་ཡོད་མེད་ནས་བལྟས་ཡོང་ན་རང་གི་སེམས་ཐོག་ན་དཀོར་ཟ་ཆོག་པའི་ཡོན་ཏན་ཅི་ཡང་ཡོད་ནི་མ་རེད། ཡིན་ན་ཡང་དགེ་འདུན་པ་ཟེར་བའི་ཆ་ལུགས་འདྲ་ཞིག་བསྟན། སངས་རྒྱས་ཀྱི་ཆོས་དེ་བཙོང་ནས་ཅིག་ཟ་འདུག་ཁི་ཡོད་ནི་རེད། ངོ་མ་བཤད་ན་དེ་བཙོང་རྒྱུའི་ཐོབ་ཐང་དེ་ང་འདྲ་ཞིག་ལ་ཡོད་ནི་མ་རེད། ཐོབ་ཐང་མེད་བཞིན་དུ་དེ་བཙོང་བསྡད་ན་དེ་ལ་རྐུན་མ་ཟེར་ནི་རེད། རྐུ་བྱེད་ས་དེ་སངས་རྒྱས་ཤཱཀྱ་ཐུབ་པ་རེད། ཤི་ཟས་གསོན་ཟས་ཀྱི་དཀོར་ཟེར་རྒྱུ་དེ་ཆུ་ཇ་ནེ་གང་ཡིན་རུང་བུ་ལོན་སྐྱེད་ཆེན་པོ་ཅན་ཞིག་ལེན་ཁི་ཡོད་པའི་སྣང་བ་ཞིག་ཡོད་ཁི། གཟན་ཤམ་དེ་མར་ཕུད་པའི་ཉི་མ་དེ་ནས་རང་གི་ལག་པ་ལ་བརྟེན་ནས་རང་ཁ་གསོ་གི་ཡོད་ནི་རེད། ལྟོ་སྐྱ་གོས་ཧྲུལ་ཞིག་ལས་མེད་རུང་། ཆུ་ནག་རྩམ་ནག་ཅིག་ལས་མེད་རུང་། ངའི་སེམས་འདི་ཧ་ལས་པ་ཞིག་བདེ་ཁི། ངའི་སེམས་གི་ནང་གི་དགའ་སྤྲོ་དེ་ཤི་རག་བར་དུ་ཉམས་རྒྱུ་མ་རེད། ཤི་བའི་ཉི་མ་དེ་ཡང་སེམས་བདེ་མོ་ཞིག་ཡོང་ས་ཁི།
མས། ད་ཅི་ཡང་མ་རེད། ཁྱོད་མྱི་མ་ངན་ནི་རེད། མྱི་སྡུག་སོང་ནི་རེད། མྱི་ལ་རུས་པ་མེད་ནི་རེད། མྱི་ལ་རྩ་བ་མེད་ནི་རེད། སྙིང་མེད་ནི་རེད། གཞན་ཅི་ཡང་མ་རེད།
བུས། རེད་རེད། ད་ཁྱོད་ཀྱིས་མྱི་ངན་མི་ངན་དང་བུ་རྒོད་མི་རྒོད་གི་ཐོག་ནས་བཤད་ཡོང་དུས་འདི་འདྲ་རེད། ཁྱོད་ཀྱིས་མྱི་ངན་པ་དང་བུ་རྒོད་པོ་ཟེར་རྒྱུ་དེ་མྱིའི་སྔུན་ལ་ཡག་པོ་ཞིག་དང་ལྟ་ས་མཛའ་མོ་ཞིག་ཡོང་སོང་ན་རང་ངོས་ནས་ཕྱི་ནང་མ་མཚུངས་ན་ཡང་མ་མཚུངས་བསམ་ནས་དེ་ལུགས་བཞིན་མི་ཚེ་སྐྱེལ་མཁན་ཞིག་ལ་ཟེར་ཁི་ཡོད་ན་ང་མྱི་ངན་པ་ཟེར་རྒྱུ་དེ་མ་རེད། བུ་རྒོད་པོ་ཟེར་རྒྱུ་དེ་མ་རེད། ཁྱོད་ཀྱིས་བཤད་པ་བདེན་པ་རེད། རང་ངོས་ནས་མྱི་ཕྱི་ནང་མཚུངས་པ་རང་མགོ་གཞན་མགོ་མི་སྐོར་མཁན་ཞིག་བྱུང་སོང་ན་མྱིའི་སྔུན་ནས་ཡག་མི་ཡག་ཟེར་བ་དེ་གལ་ཆེན་པོ་མ་རེད་བསམ་ནས་དེ་ལུགས་བཞིན་གྱི་མྱི་ཚེ་སྐྱེལ་མཁན་ཞིག་ལ་ཟེར་གི་ཡོད་ན་ང་མྱི་ངན་པ་ཡིན། བུ་རྒོད་པོ་ཡིན། ཁྱོད་ཀྱིས་བཤད་ནི་བོ་བདེན་པ་མ་རེད།
མས། ད་ཁྱོད་ལ་ཅིག་ཡོད་པ་དེ་ཁ་རོ་བདེ་མོ་དེ་རེད། ཁྱོད་ཀྱི་ངའི་སྟེང་གི་ཁ་རོ་བདེ་མོ་གཤིན་རྗེ་ཆོས་རྒྱལ་གྱི་ཐོག་ལ་ཡང་འགྲོ་རྒྱུ་རེད་གོ།

བུས། ངས་ཁ་བདེ་མོ་ཅི་ཡང་བྱེད་གི་མེད། ང་ཡུལ་ལུང་པ་ན་ཁྲིམས་ཡོད་ས་ཞིག་དང་མི་ལ་ཡོན་ཏན་ཡོད་ས་ཞིག་ན་བསྡད་ཡོད་ནི་རེད། འདི་ན་ཆེ་ས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དཀའ་ངལ་ཡིན་ན་ཡང་འདྲ། ཆུང་ས་ནས་བཟའ་ཚང་ནང་གི་མ་འགྲིགས་པ་ཡིན་ན་ཡང་འདྲ། མ་འགྲིགས་པ་ཟེར་བ་དེ་མྱི་དང་མྱིའི་བར་ལ་སྐད་ཆ་བཤད། རྒྱུ་མཚན་དྲངས། འགྲེལ་བཤད་བརྒྱབ། གྲོས་བསྡུར་བྱས་ནས་ཐག་ཆོད་དགོས་ནི་ཞིག་རེད་མ་གཏོགས་འཛིངས་རེས་འཁོན་རེས་ཟེར་རྒྱུ་འདིས་ཅི་ཡང་ཐག་ཆོད་ནི་མ་རེད། དེ་ཡིན་དུས་ངས་ཁྱོད་ལ་སྐད་ཆ་བཤད་ཁི་ཡོད། རྒྱུ་མཚན་དྲངས་ཁི་ཡོད། འགྲེལ་བཤད་རྒྱག་ཁི་ཡོད། ངས་ནམ་ཡིན་ན་ཡང་མྱི་དང་མྱིའི་བར་གྱི་དཀའ་ངལ་སེལ་སྤྱད་ངོ་མ་དེ་འདི་འདྲ་ཞིག་ལ་ཡིད་ཆེས་བྱེད་ཁི་ཡོད། དེ་ཡིན་དུས་ཁྱོད་ཨ་མ་ཡིན་ན་ཡང་ངས་གནས་ལུགས་རྒྱུ་མཚན་གི་ཐོག་ནས་འགྲེལ་བཤད་རྒྱག་ནི་རེད། གནས་ལུགས་རྒྱུ་མཚན་གི་འགྲེལ་བཤད་དེས་ཁྱོད་ལ་གོ་བརྡ་རེ་འཕྲོད་པའི་རེ་བ་ཡོད། གོ་བརྡ་འཕྲོད་རུང་མ་འཕྲོད་རུང་ངེད་གཉིས་ཀྱིས་ནང་ནས་གཅིག་ཤི་མ་སོང་རག་ལ་ངས་འགྲེལ་བཤད་རྒྱག་ནི་ཡིན། གནས་ལུགས་རྒྱུ་མཚན་གྱི་སྟེང་ནས་འགྲེལ་བཤད་རྒྱག་རྒྱུ་དེ་ངའི་འགན་རེད། གནས་ལུགས་རྒྱུ་མཚན་ཟེར་རྒྱུ་དེའི་སྔུན་ན་ཨ་ཕ་ཨ་མ་ཟེར་ནས་གུ་ཡངས་གཏང་རྒྱུ་ཞིག་ཡོད་ནི་མ་རེད། གཤིན་རྗེ་ཆོས་རྒྱལ་ཟེར་བ་དེ་ཅི་འདྲ་ཡིན་མིན་མི་ཤེས་ཁི་ད་དེ་ཡང་གནས་ལུགས་རྒྱུ་མཚན་དགོས་མཁན་ཞིག་དང་རྒྱུ་མཚན་གནས་ལུགས་ལ་དགའ་མཁན་ཞིག་ཡིན་རྒྱུ་རེད་བསམ་ཁི། དེ་ངའི་ཡིད་ཆེས་ཡིན།
མས། ཧོ་ཧོ། ད་ཁ་བདེ་མོ་བཤད་ན་མ་བཤད་ན་ངོ་ཚ་རྒྱུ་མེད་མཁན་ཁྱོད་བུད་མེད་ཐབས་ཆག་ཅིག་གི་དོན་ལ་ས་མཐའ་ལ་བུད་སོང་ནི་རེད། གྲྭ་བ་འདྲ་ཡིན་ན་གྲྭ་ས་ལ་ས་མཐའ་ལ་འགྲོ་ཟེར་རྒྱུ་ཞིག་ཡོད་ནི་རེད། བུད་མེད་གི་དོན་ལ་ད་ས་མཐའ་ཚོ་ལ་འགྲོ་ཨེ་དགོས་ན། བུད་མེད་ད་གང་ཡིན་ས་ན་ཡོད་ནི་རེད་མོ།
བུས། ཨ་མ། ད་དེ་གཉིས་ཀ་མཉམ་དུ་བསྲེས་མ་ཡོང་ད། ང་ས་མཐའ་ལ་སོང་རྒྱུ་དེ་གནད་དོན་གཅིག་རེད། བུད་མེད་ཀྱི་རྗེས་ལ་དེད་ནི་བོ་གནད་དོན་ཁ་ཁ་ཞིག་རེད། ང་ས་མཐའ་ལ་སོང་བ་དེ་གཅིག་ནས་རང་གི་ཕ་ཡུལ་ན་རང་དབང་མང་པོ་ཞིག་མེད་ཁི། གཉིས་ནས་ཕ་ཡུལ་གི་མྱིའི་འགྲོ་ལུགས་དང་། བསམ་བློ་གཏང་སྟངས། སྤྱོད་ལམ་འཁྱེར་སྟངས་མང་པོ་ཞིག་ངའི་སེམས་ལ་མི་འབབ་གི། ང་རང་ཚོའི་ཡུལ་གི་མྱིའི་བསམ་བློ་དེ་འདི་འདྲ་ཞིག་རེད། རང་རང་གི་མྱི་རབས་རྗེས་མ་བོའི་སྐྱིད་སྡུག་ལ་བསམ་བློ་གཏོང་མི་ཤེས་ནི་ཞིག་གིས་ཚེ་ཕྱི་མ་ཅིག་ཅིག་ཟེར་ཁུལ་བྱེད་མཁན། རང་རང་གི་རྒྱལ་ཁབ་གི་མགོ་མཇུག་གང་ལ་འགྲོ་ཁོ་ནོ་མི་ཤེས་མཁན་ཞིག་གིས་དགྲ་འདུལ་གཉེས་སྐྱོང་ཅིག་ཅིག་ཅིག་ཟེར་ཁུལ་བྱེད་མཁན། རང་རང་མྱི་ཚད་ལྡན་ཞིག་བྱེད་རྒྱུ་ལ་བསམ་བློ་གཏང་མི་ཤེས་ནི་ཞིག་གིས་སངས་རྒྱས་འཇོག་ནི་ཡིན་མདོག་མདོག་བྱེད་མཁན། ལྟ་བ་དང་བསམ་བློ་འདི་འདྲ་ཅན་གྱི་མྱིའི་ནང་ནས་ང་འདུག་མི་ཐུབ་ཁི། མདོར་ན་ངའི་མྱི་ཚེ་འདི་དང་མི་འཕྲོད་ཁི། ང་ཕ་ཡུལ་ནས་མི་སྐྱིད་ཁི། ངས་ང་རང་གི་མྱི་ཚེ་སྐྱེལ་ས་དེ་སྐྱིད་ས་ཞིག་དང་རང་གི་མྱི་ཚེ་འདི་དང་འཕྲོད་ས་ཞིག་བཙལ་ནས་སོང་ནི་ཡིན། ངས་ཁྱིམ་གི་མྱི་དང་ཉེ་བ་ཉི་བཞི་སུ་གཅིག་ལ་ཡང་ངོ་ལོག་རྒྱབ་གཏད་བྱེད་ནས་སོང་ནི་མིན། ཟོག་སེམས་ཅན་ཞིག་ཡིན་ན་ཡང་ཐག་པས་བཏགས་འདྲ་བཞག་ན་བཞག་ནི་རེད། དེ་མིན་ན་རང་རང་ས་ཆུ་གར་བཟང་ལ་བལྟས་ནས་འགྲོ་ནི་རེད་མོ། དེ་སུ་གཅིག་ལ་ཡང་ངོ་ལོག་རྒྱབ་གཏད་བྱེད་ཁི་ཡོད་ནི་མ་རེད། ད་ང་བུད་མེད་ཀྱི་རྗེས་ལ་བརྒྱུགས་པ་དེར་ཁྱོད་དེ་འདྲ་ཞིག་ཧ་ལས་དགོས་དོན་ཅི་ཡིན་ནམ། འཛམ་བུ་གླིང་འདི་ན་ད་ལོ་མྱི་དུང་ཕྱུར་བདུན་ཅུ་ཐམས་པའི་ཁ་གང་ཁི་ཡོད་ནི་རེད། དེིའི་ཕྱེད་ཀ་སྐྱེས་པ་རེད། དེའི་ནང་གི་གྲྭ་བ་མང་ཆེ་ན་འབུམ་གཅིག་གཉིས་རེ་ཡོད་ན་དེ་ཚོ་བུད་མེད་གི་རྗེས་ལ་ཕེབས་གི་མེད་ན་མ་གཏོགས་དེ་མིན་པའི་སྐྱེས་པ་ཚང་མ་བུད་མེད་གི་རྗེས་ལ་རྒྱུག་གི་ཡོད་ནི་རེད། འཇིག་རྟེན་འདི་དེ་འདྲ་བྱས་ནས་ཆགས་ཡོང་ནི་རེད། ཁྱོད་ཀྱང་དེ་འདྲ་བྱས་ནས་ཡོང་ནི་རེད། ང་ཡང་དེ་འདྲ་བྱས་ནས་ཡོང་ནི་རེད། ང་བུད་མེད་ཀྱི་རྗེས་ལ་བརྒྱུགས་པ་དེར་ཁྱོད་དེ་ཙམ་གྱི་ཧ་ལས་འགྲོ་དོན་ཅི་ཡིན་ནམ། ང་བུད་མེད་ཀྱི་རྗེས་ལ་བརྒྱུགས་བཞག་པ་ཙམ་ཞིག་མིན། ངས་རང་གི་བཟའ་ཚང་ལ་ལྟ་རྟོག་བྱེད་ཁི་ཡོད། བཟའ་ཚང་ལ་ལྟ་རྟོག་བྱེད་རྒྱུ་དེ་ཆོས་ལུགས་ཀྱི་རྩ་དོན་ཐོག་ནས་བལྟས་ན་ཡང་འདྲ། མྱི་ལུགས་ཀྱི་རྩ་དོན་ཐོག་ནས་བལྟས་ན་ཡང་འདྲ། ཁྲིམས་ལུགས་ཀྱི་རྩ་དོན་ཐོག་ནས་བལྟས་ན་ཡང་འདྲ། དེ་སྐྱེས་ཕོ་རབ་ཅིག་གི་ལས་ཀ་རེད། ཁྱོད་ཀྱང་ཨ་མ་ཞིག་ཡིན་ས་ནས་མྱི་ཞིག་གིས་རང་གི་བཟའ་ཚང་ལ་ལྟ་རྟོག་ཡིན་ལུགས་ཚུལ་ལྡན་རེ་བྱེད་དགོས་རྒྱུ་དེ་གལ་ཅི་ཙམ་ཆེ་ནི་བོ་ཤེས་ཁི་ཡོད་རྒྱུ་རེད། དེ་ཁྱོད་རང་གི་ངོས་ནས་དགའ་དགོས་ས་ཞིག་མིན་ན་ཡང་སྡུག་དགོས་ས་ཞིག་ད་ཅིག་མ་རེད་བསམ་ཁི།
མས། ཧ་བོ། ང་ད་ལོས་དགའ། ད་ཁྱོད་སྤྲུལ་སྐུ་ཡིན་ནས་སྤྲུལ་སྐུས་མཁའ་འགྲོ་མ་བཞེས་ནས་ད་ཁྱོད་ལ་སྤྲུལ་སྐུ་འཁྲུངས་ནི་ཡིན་རྒྱུ་རེད་ཨ།
བུས། ད་སྤྲུལ་སྐུ་ཟེར་ན་འདྲ། མཁའ་འགྲོ་མ་ཟེར་ན་འདྲ། མྱི་ཕྱི་ནང་མཚུངས་པ་རེ་ཡོད་ན་ངའི་ངོ་ན་སྤྲུལ་སྐུ་ཡང་དེ་ཡིན། མཁའ་འགྲོ་མ་ཡང་དེ་ཡིན། ངའི་བུ་རབས་ཚ་རྒྱུད་དེ་ཚོ་ཡང་མྱི་རང་མགོ་གཞན་མགོ་མི་སྐོར་མཁན་ཕྱི་ནང་མཚུངས་པ་རེ་ཡོང་སོང་ན་ངའི་ངོ་ལ་ནི་སྤྲུལ་སྐུ་དང་མཁའ་འགྲོ་ཟེར་བ་བརྒྱ་འཁྲུངས་ནི་བས་ཀྱང་དེ་དགའ།
མས། ངའི་སྡུག་དེ་གང་ལ་འཇོག ཁྱོད་ག་ཤེད་ཅིག་ན་གྲྭ་བ་འདྲ་ཞིག་བྱས་ནས་བསྡད་ཡོད་བསམ་ཁུལ་བྱས་ནི་ཡིན། ཚུར་ཕ་ཡུལ་ལ་ཐོན་ཡོང་ན་ཡང་གྲྭ་བ་ཞིག་བྱས་ནས་ཐོན་རྒྱུ་ཡོད་བསམ་ནས་བསྡད་ནི་ཡིན། ད་ཡིན་ན་ཁྱོད་ཕ་ཡུལ་ལ་ཚུར་འདྲ་མ་ཡོང་། ཚུར་སྐྱག་པ་ཟ་བར་ཡོང་ནི་ཨེ་ཡིན། ཁྱོད་ཕ་ཡུལ་ལ་ཡོང་ན་ཁྱོད་ཀྱིས་མྱིའི་སྔུན་དུ་མགོ་བཀྱག་ནས་ངོ་སྟོན་ཐུབ་རུང་ངས་སྟོན་ཐུབ་ས་མེད་ཁི། ངས་ད་བར་དུ་ཁྱོད་གྲྭ་བ་ཞིག་ཡིན་བསམ་ནས་དགའ་བཞིན་སྤྲོ་བཞིན་འདུག་ཁུལ་བྱས་པའི་མཐའ་མ་ལ་ཁྱོད་ཀྱི་ཕོ་བླ་འདི་འདྲ་ཞིག་བཙོང་ནས་ཕ་ཡུལ་སླེབས་ཡོང་ན་དེའི་ངོ་ཚ་མྱི་ཁ་དེ་སུས་ཁུར་དོ་ས་ཁི།
བུས། ངས་ཨུ་ཚུགས་བརྒྱབ་ནས་གྲྭ་བ་བླ་མ་འདྲ་ཞིག་ཨེ་ཡོང་བལྟས་ན་སྟེང་ལ་གདུགས་ཡོད་མཁན་ཞིག་དང་འོག་ན་ཁྲི་ཡོད་མཁན་ཞིག་ཀྱང་ཡོང་ས་ཁི། སྡེབས་མ་མདའ་ཚད་མ་འཇུས་ནས་མྱི་ལ་ཆོས་བཤད་མཁན་ཞིག་ཀྱང་ཡོང་ཐུབ་རྒྱུ་རེད། སྦྱིན་བདག་གི་མགོ་ཡར་གཡོགས་མར་གཡོགས་བྱས་ན་དགོན་པ་རེ་ཡང་རྒྱག་དོ་ནི་རེད། ང་དེ་འདྲ་ཞིག་ཡོང་ན་ཁྱོད་ཚོ་ཁྱིམ་མྱི་ཉེ་བ་ཉེ་བཞི་ཚང་མ་དགའ་དགའ་ཀྲོག་ཀྲོག་ཞིག་ཀྱང་ཡོང་རྒྱུ་ཡིན་པ་ངས་སྔོན་ནས་གོ་ཡོད། ང་རང་ངོས་ནས་ལྟོ་གོས་སྣུམ་པོ་ཞིག་ཀྱང་ཡོང་རྒྱུ་ཡིན་པ་གོ་ཡོད། ཡིན་ན་ཡང་འཇིག་རྟེན་གྱི་མྱི་ཟེར་རྒྱུ་འདི་ཟ་རྒྱུ་གོན་རྒྱུ་དང་མྱིའི་སྔུན་ལ་ལྟ་ས་ཡག་པོ་ཞིག་ཏག་ཏག་གི་དོན་ལ་འཇིག་རྟེན་འདི་ན་བསྡད་ཡོད་ནི་ཞིག་ཡིན་ན་ཧ་ལས་པ་སྡུག་པོ་རེད། ངས་སློབ་སྦྱོང་ཟེར་ནས་ཆེན་པོ་ཞིག་བྱས་པ་མེད་རུང་ལོ་ནས་ལོ་མཐུད་དེ་སློབ་སྦྱོང་འདྲ་ཞིག་ཀྱང་མཚམས་མ་བཞག་ནི་རེད། ལོ་ན་ཡར་སླེབས་ཡོང་དུས་མཐོང་ཐོས་མྱོང་གསུམ་དེ་ཡང་རྒྱ་ཇེ་ཆེ་ལ་སོང་ནི་རེད། གནའ་དང་དེང་སང་གི་སྐྱེས་བུ་དམ་པ་མང་པོ་ཞིག་གི་མྱི་ཚེ་སྐྱེལ་སྟངས་དང་མྱི་ཚེ་ལ་ལྟ་སྟངས་དེ་འདྲ་མང་པོ་གོ་ཡོང་ཁི། དེ་འདྲ་ཡིན་དུས་མྱི་ཚད་ལྡན་ཞིག་བྱེད་དགོས་ན་རང་གིས་རང་ཉིད་ཅི་འདྲ་ཞིག་ཡིན་པ་གོ་དགོས་པ་དང་ཕྱི་ནང་མཚུངས་པའི་དྲང་བདེན་གྱི་མྱི་ཚེ་ཞིག་སྐྱེལ་དགོས་པ་དེ་མྱི་ཞིག་གི་གཞི་རྩའི་ལས་འགན་ཡིན་པ་ངོ་འཕྲོད་ཡོང་ཁི། དེ་ཡིན་དུས་ཆོས་པ་ཟེར་བ་དེ་ཕ་མ་དང་ཁྱིམ་མྱི་དགའ་བ་ཙམ་ཞིག་གིས་མི་ཆོག་པར་སྟོན་པ་ཤཱཀྱ་ཐུབ་པ་དགའ་བའི་ལས་ཀ་ཞིག་ལས་དགོས་པ་དང་། ཉེ་བ་ཉེ་བཞིའི་སྔུན་དུ་མགོ་བཀྱག་ནས་ངོ་སྟོན་ཆོག་པ་ཙམ་མ་ཡིན་པར་གཤིན་རྗེ་ཆོས་རྒྱལ་གྱི་སྔུན་དུ་མགོ་བཀྱག་ནས་ངོ་སྟོན་ཐུབ་དགོས་རྒྱུ་དེ་གལ་ཆེན་དོན་ཡིན་པ་ཤེས་ཡོང་ཁི། སེམས་ཀྱི་ཐོག་ན་གྲྭ་བ་ཞིག་གི་གཞི་རྩའི་ཆ་རྐྱེན་མ་ཚང་ནའི་མྱི་ང་འདྲ་འདྲ་ཞིག་གིས་ཁྱོད་ཚོའི་ངོ་མ་ཆོག་ནས་གྲྭ་བ་ཞིག་གི་ཚུགས་ཀ་བྱས་ནས་བསྡད་བསྡད་ན་ཡང་དོན་དུ་ཁྱོད་ཚོ་ལ་མགོ་སྐོར་བཏང་ནས་གནོད་བསྐྱལ་ནི་ཞིག་མ་གཏོགས་ཕན་ཐོགས་ཅང་ཡོད་ནི་མ་རེད། ང་ལ་ཕན་ཅི་ཡང་ཐོགས་ཡོད་ནི་མ་རེད། འགྲོ་བ་སེམས་ཅན་ལ་ཕན་ཐོགས་ནི་མ་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ནི་མ་རེད། དེ་ཡིན་དུས་ངས་རང་ཚོད་རང་གིས་ཟིན། རང་ངོ་རང་གིས་ཤེས་ནས་མྱི་ཕྱི་ནང་མཚུངས་པ་ཞིག་གི་མྱི་ཚེ་སྐྱེལ་སྟངས་བདམས་པ་དེ་ལ་ངེད་མ་བུ་གཉིས་ཀས་མྱིའི་སྔུན་ནས་མགོ་བཀྱག་མི་ཐུབ་དོན་ཚོ་མེད་གི་བསམ་ཁི། 
མས། ད་གྲྭ་བ་ཞིག་མ་ཡོང་ཚར་དུས་ཚར་ནི་རེད། རྒད་པོ་ཞིག་གིས་ཕན་ཅི་ཞིག་ཐོགས། རྒད་པོ་ད་མང་པོ་ཡོད་ཁི་མོ། སྡིག་པ་གསོག་མཁན་རེ་ལས་ཅི་ཡང་ཉན་ནི་མ་རེད།
བུས། ཨ་མ། དེ་ད་ཟེར་རྒྱུ་ཅི་ཡོད། སྐྱེས་པ་ཡིན་ན་འདྲ། གྲྭ་བ་ཡིན་ན་འདྲ། ཡག་པོ་བྱུང་ན་སྐྱ་བོ་སུ་ཡིན་ན་ཡང་ཕན་ལོས་ཐོགས། ཡག་པོ་ལོས་ཡིན། ཡག་པོ་མིན་ན་གྲྭ་བ་ཡིན་ནས་ཅི་ཕན། ཁྱེད་རང་ལ་དད་པ་ཆེན་པོ་ཡོད་སའི་གླིང་གེ་སར་རྒྱལ་པོ་ཡང་ཁྱིམ་ཚང་ཡོད་མཁན་དང་དགྲ་འདུལ་གཉེན་སྐྱོང་བྱེད་མཁན་གྱི་མི་སྐྱ་ཞིག་རེད་མོ། མི་ལ་རས་པ་ཡང་ཆང་འཐུང་མཁན་གྱི་མི་རྒན་ཞིག་རེད་མོ། ཆོས་འཇིག་རྟེན་གང་ཐད་ནས་བཤད་ན་ཡང་མི་ཡག་བཙོག་ཟེར་རྒྱུ་དེ་སྐྱ་སེར་སུ་ཡིན་གྱི་ཐོག་ནས་རིག་དོ་ནི་མ་རེད། ཆོས་པ་ཡིན་མིན་ཟེར་བ་དེ་ཡང་སྐྱ་སེར་གང་ཡིན་གྱི་ཐོག་ནས་རིག་དོ་ནི་མ་རེད། གྲྭ་བའི་ནང་ན་ལས་ཀ་བྱ་བ་སྡུག་པོ་ལས་མཁན་མང་པོ་ཡོད་ནི་རེད། མི་སྐྱའི་ནང་ན་ལས་ཀ་བྱ་བ་ཡག་པོ་སྒྲུབ་མཁན་ཡང་མང་པོ་ཡོད་ནི་རེད།


No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།