རྡོ་རྗེ་ཚེ་སྲུང་གིས་བྲིས།
གདན་ས་ནི་བླ་མའི་སྐྱེས་ཆེན་གྱི་བཞུགས་གནས་དང་། ཆོས་བརྒྱུད་ཅིག་གི་མ་དགོན་ཡིན་ན་མ་དགོན་ནི་ཆོས་རྒྱུད་དེ་གང་ནས་བྱུང་བའི་ཐོག་མའི་དགོན་སྡེ་ལ་འདོགས་པ་ཡིན། ངས་རྩོམ་ཡིག་འདིའི་ནང་ལ་སྔ་འགྱུར་རྙིང་མའི་གདན་ས་དྲུག་གམ་མ་དགོན་དྲུག་ཅེས་བགྲང་སྲོལ་ཡོད་པ་དེ་ལོ་རྒྱུས་རྒྱུ་མཚན་དང་འབྲེལ་བ་མེད་པའི་སྐོར་རགས་ཅམ་གླེང་རྒྱུ་ཡིན།
ཕྱིས་སུ་བྱུང་བའི་རྙིང་མའི་ཆོས་འབྱུང་ཚོའི་ནང་ལ་སྔ་འགྱུར་རྙིང་མའི་གདན་ས་དྲུག་གམ་མ་དགོན་དྲུག་ཅེས་བགྲང་སྲོལ་ཡོད་མོད་དེ་ནི་ལོ་རྒྱུས་རྒྱུ་མཚན་དང་འབྲེལ་བ་ཞིག་མ་རེད། སྔ་འགྱུར་རྙིང་མ་ནི་བོད་དུ་དར་བའི་ནང་པའི་ཆོས་བརྒྱུད་ཡོངས་ཀྱི་སྔ་གྲས་དང་ཕྱི་མོ་ཡིན་ཞིང་དེའི་གདན་སའི་ཐོག་མ་ཡང་བོད་རང་གི་དགེ་འདུན་པའི་སྡེ་ཐོགས་མར་ཚུལ་ཡུལ་ནི་དུས་རབས་དགུ་པའི་ནང་དུ་བཏབ་པའི་དཔལ་བསམ་ཡས་ཡིན་པ་དང་། ཕྱི་ནས་ཕེབས་པའི་དགེ་འདུན་གྱི་སྡེ་ཚུགས་ཡུལ་ནི་དུས་རབས་བདུན་པའི་ནང་དུ་བཏབ་པའི་ལྷ་སའི་གཙུག་ལག་ཁང་སོགས་ད་ལྟ་བསྟན་དུ་ཡོད་པ་དེ་རྣམས་ཡིན། དེ་ལྟར་ན་རྙིང་མའི་མ་དགོན་ངོ་མ་དེ་བསམ་ཡས་དང་ལྷ་ལྡན་གཙུག་ལག་ཁང་སོགས་ཡིན་དགོས།
དུས་ཕྱིས་ཀྱི་ཆོས་འབྱུང་འབྲི་མཁན་ཚོས་སྟོད་ན་རྡོར་སྨིན་གཉིས། བར་ན་ཀ་དཔལ་གཉིས། སྨད་ན་ཞེ་རྫོགས་གཉིས་ཞེས་པའི་ཆེ་བསྟོད་ཀྱི་བགྲང་སྲོལ་དེ་མི་འཐད་དེ་ཀ་ཐོག་དགོན་པ་དུས་རབས་བཅུ་གཉིས་པའི་ནང་དུ་བཏབ་པ་དང་། གཞན་དགོན་གནས་ལྔ་པོ་ནི་དུས་རབས་བཅོ་ལྔ་པ་ཚུན་ཆོད་ལ་བྱུང་བའི་དགོན་སྡེ་ཤ་སྟག་ཡིན། དེ་མཚུངས་བརྩི་སྲོལ་གཞན་ཡང་བྱུང་བ། དཔེར་ན། སྟོད་ན་རྡོར་སྨིན་དཔལ་གསུམ། སྨད་ན་ཀ་དཔལ་རྫོགས་གསུམ་ཞེས་ཞེ་ཆེན་མ་བགྲང་ཞིང་དེའི་དཔལ་རི་དགོན་པ་བགྲང་སྲོལ་ཡང་འདུག དགོན་སྡེ་དེ་དག་རྙིང་མའི་གདན་ས་ཙམ་ཡིན་མོད་གསང་སྔགས་རྙིང་མའི་ཆོས་བརྒྱུད་གང་ལས་བྱུང་བའི་མ་དགོན་མིན་ལ་ཆོས་བརྒྱུད་དེའི་སྲོལ་བཏོད་པ་པོའི་གདན་ས་ཡང་མིན་པས་རྙིང་མའི་གདན་ས་དྲུག་དང་རྙིང་མའི་མ་དགོན་དྲུག་ཅེས་པའི་བགྲང་སྲོལ་དེ་ནི་ཁུངས་མེད་རང་བཟོ་ཙམ་དུ་ཟད་དོ།།
རྡོར་སྨིན་དང་ཀ་དཔལ་ཞེ་རྫོགས་སོགས་ཀྱང་བླ་མའི་གདན་ས་ཡིན་པས་གདན་ས་ཞེས་འདོགས་རིགས་ཟེར་ན་དེ་ཡང་དགོས་པ་མེད་དེ། དེ་ལྟར་ན་གདན་ས་དྲུག་ཅེས་གྲངས་འདྲེན་བྱེད་དོན་མེད་དེ་སྔ་འགྱུར་བའི་སྐྱེས་ཆེན་ཚོས་བཏབ་པའི་གདན་ས་མང་པོ་ཡོད་པས་སོ།། རྡོར་སྨིན་ཀ་དཔལ་ཞེ་རྫོགས་སོགས་ལ་བུ་དགོན་མང་པོ་ཡོད་པས་མ་དགོན་དྲུག་ཅེས་བཏགས་ཆོག་ཟེར་ན་ཡང་མི་འཐད་དེ་དེ་ལྟར་ན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཡོངས་རྫོགས་ཐོག་མར་ལྷ་ལྡན་གཙུག་ལག་ཁང་དང་དཔལ་བསམ་ཡས་སོགས་དང་། བསྟན་པ་ཕྱི་དར་གྱིས་དུས་སུ་མངའ་བདག་ཟུར་པ་ཡབ་སྲས་ཀྱི་གདན་ས་འུག་པ་ལུང་སོགས་ལ་ཐུག་ཡོད་པས་དོན་དུ་རྡོར་སྨིན་སོགས་དུས་ཕྱིས་སུ་བྱུང་བའི་བུ་དགོན་ཡིན་ཞིང་། དགོན་སྡེ་དེ་འདྲ་བ་ད་དུང་ཡང་མང་བས་དམིགས་བསལ་དྲུག་གིས་གྲངས་སུ་འདུ་དགོས་དོན་མེད།
དཔེར་ན། དགེ་ལྡན་པས་གདན་ས་གསུམ་ཞེས་གྲངས་བཅད་བྱས་པ་དེར་བསྡུར་ནས་བལྟས་ན་ཡང་གསལ་པོ་ཡིན་ཏེ། དགེ་ལྡན་པའི་གདན་ས་སྔ་གྲས་རྣམས་ཡིན་པ་དང་། དགེ་ལྡན་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་རང་ཉིད་སོགས་ཀྱིས་བཏབ་པ་ཡིན་པས་གདན་ས་ཞེས་བཏགས་པ་ཡང་རྒྱུ་མཚན་དང་ལོ་རྒྱུས་འཆད་དུ་ཡོད། དགེ་ལྡན་པའི་ཆོས་བྱེད་བཙུན་པའི་གོ་གནས་མཐོ་ཤོས་དགེ་བཤེས་ཀྱི་མིང་ཐོབ་དགོས་ན་ངེས་པར་དུ་ཡང་གདན་ས་དེ་གསུམ་གང་རུང་ནས་ཐོབ་དགོས་པས་སྒྲིག་ཁྲིམས་དེས་དགེ་ལྡན་པའི་དབུ་འོག་དཔུང་འདེགས་གཅིག་གྱུར་དང་། སློབ་སྦྱོང་གི་སྤུས་ཀ་ཚད་འཛིན། སྒྲིག་ལམ་གྱི་གཅུན་སྟབས་བདེ་བ། དགོན་མ་ལག་གི་འབྲེལ་ལམ་མཐུད་པའི་དགོས་པ་ཡོད་པས་དམིགས་བསལ་གསུམ་དུ་གྲངས་བཅད་བྱས་པ་དེར་གོ་རྒྱུ་ཡོད། རྙིང་མའི་གདན་ས་དྲུག་ཅེས་པར་དེ་ལྟ་བུའི་ལོ་རྒྱུས་རྒྱུ་མཚན་གང་ཡང་མ་དམིགས་སོ།།
མཇུག་བསྡུ་བ། དེ་ལྟར་ལོ་རྒྱུས་ཀྱི་སྔ་ཕྱི་དང་། ཐ་སྙད་ཀྱི་འགྲེལ་སྟངས། དགོན་མ་ལག་གི་འབྲེལ་བ་གང་ནས་བལྟས་ཀྱང་རྙིང་མའི་མ་དགོན་དྲུག་གམ། རྙིང་མའི་གདན་ས་དྲུག་ཅེས་པའི་བགྲང་སྲོལ་དེ་ནི་མ་དག་རྒྱུན་འབྱམས་ཀྱི་བརྩི་ཚུལ་ཙམ་ལས་ལོ་རྒྱུས་རྒྱུ་མཚན་དང་འབྲེལ་བ་མ་མཐོང་ངོ་།།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།