རྡོ་རྗེ་ཚེ་སྲུང་གིས་བྲིས།
གནའ་སྔ་མོའི་དུས་སུ་བྱ་རྒོད་ནི་ཤེད་ཤུགས་ཆེ་ཞིང་ཆེས་གདུག་རྩུབ་ལྡན་པ་ཞིག་ཡིན་པས་གནམ་ལ་འཕུར་རྒུ་དང་ས་ལ་འཛུལ་རྒུ་ཚང་མ་བསད་འགྲོ་མཁན་གྱི་འདབ་ཆགས་འཇིགས་སུ་རུང་བའི་རིགས་ཤིག་ཡིན། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ་བྱ་རྒོད་ཁྱུ་གཅིག་ནམ་མཁའ་ལ་ལྡིངས། སྐབས་དེར་སྟོན་པ་སངས་རྒྱས་ཀྱི་དབུའི་གཙུག་ཏོར་གྱི་འོད་སྣང་ནམ་མཁར་འཕགས་ནས་བཞུགས་ཡོད་པ་མཐོང་ནས་བྱ་རྒོད་རྣམས་ངོ་མཚར་སྐྱེས། ཡར་ནམ་མཁརཅི་ཙམ་བཀྱག་ན་ཡང་སྟོན་པའི་དབུའི་གཙུག་ཏོར་གྱི་འོད་ཟེར་གྱི་མཐའ་མཐོང་མ་ནུས།
དེར་བྱ་རྒོད་རྣམས་ངོ་མཚར་ཆེན་པོ་སྐྱེས། སར་བབ་ནས་སྟོན་པ་ཤཱཀྱ་ཐུབ་པ་མཇལ་དུ་སོང་། སྐབས་དེར་སྟོན་པས། ཁྱེད་ཅག་བདག་གི་བསྟན་པ་ལ་འཇུག་པར་སྤྲོའམ། གསུངས། བྱ་རྒོད་དེ་ཚོས་མགོ་ལྡེམ་ལྡེམ་བྱས་ནས་སྟོན་པའི་བསྟན་པ་ལ་འཇུག་པར་ཁས་བླངས། སྟོན་པས་བྱ་རྒོད་གཙོ་བོའི་མགོར་ཕྱག་གིས་བྱིལ་བྱིལ་མཛད་པ་དང་དུས་མཉམ་དུ་བྱ་རྒོད་རྣམས་ཀྱི་མགོའི་སྤུ་རྣམས་རང་བྱི་ནས་དགེ་སློང་གི་དབུ་ལྟ་བུར་གྱུར། སྟོན་པས་རྒྱབ་ལ་བྱིལ་བྱིལ་མཛད་པ་དང་དུས་མཉམ་དུ་ལུས་ཀྱི་སྒྲོ་གཤོག་རྣམས་ཀྱང་དགེ་སློང་གི་ཆོས་གོས་མནབ་པ་ལྟ་བུའི་གཟུགས་སུ་གྱུར། བྱ་རྒོད་རྣམས་ཀྱིས་གཞན་ལ་འཚེ་བ་མི་བྱེད་པར་ཁས་བླངས།
བྱ་རྒོད་ནི་སྟོན་པས་བྱིན་གྱིས་བརླབས་པའི་བྱ་ཡིན་པས་སྲོག་ཆགས་གང་ཞིག་ཡིན་ཡང་དེའི་ལུས་ཀྱི་ཤ་བྱ་རྒོད་ཀྱིས་ཁར་སོང་ཕྱིན་གཤིན་པོ་ལ་ངན་སོང་མེད་པར་བརྩི་བ་ཡིན། བྱ་རྒོད་ནི་ལུས་སྟོབས་དང་ལྡན་ཞིང་མཆུ་དང་སྡེར་མོ་རྣོ་བའི་འདབ་ཆགས་ཤིག་ཡིིན་ན་ཡང་སྲོག་དང་ལྡན་ཕྱིན་སེམས་ཅན་ཉམ་ཆུང་ཅི་འདྲ་ཞིག་ཡིན་ན་ཡང་གནོད་འཚེ་མི་བྱེད་ཅིང་། འགོས་ནད་ངན་པས་ཤི་བ་དང་། རུལ་སུང་དུ་གྱུར་པ་སོགས་ཤ་ག་འདྲ་ཞིག་ཟོས་ཀྱང་བྱ་རྒོད་ལ་ན་ཚ་ཕོག་ཏུ་མེད་པ་ཡང་སྟོན་པའི་བྱིན་རླབས་ཀྱི་སྟོབས་ཡིན།
གནས་དེ་ལ་བྱ་རྒོད་ཕུང་པོའི་རིའམ་བྱ་རྒོད་སྤུངས་རི་ཞེས་ཐོགས་ཤིང་སྟོན་པ་སངས་རྒྱས་ཀྱི་གནས་གལ་ཆེན་ཞིག་ཏུ་གྱུར། བྱ་རྒོད་རྣམས་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་སོགས་སུ་འཕུར་ནས་ཤ་ཁྲག་ལ་རོལ་ཞིང་འགྲོ་བའི་དོན་མཛད་དོ།།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།