གོ་མ་ཆོད་མི་གསུམ་གྱི་སྐོར།



གོ་མ་ཆོད་མི་གསུམ་ཞེས་པ་དེ་དག་ནི་ཟུར་ཆུང་(1014-1074)པའི་སློབ་མ་གཙོ་བོ་ཁག་གཅིག་ཡིན། དེ་ཡང་ཟུར་ཆུང་པ་མཚམས་བསྙེན་བསྒྲུབ་ལ་བཞུགས་པར་བཞེད་ནས་ཁོང་གི་སློབ་མ་གཙོ་གྲས་འགོ་བྱ་ཚ། མེས་དབང་སེང་། འགོ་ཆུང་དབང་བཅས་གསུམ་ལ་དགོན་པ་འཛིན་སྐྱོང་དང་། སློབ་ཁྲིད་རྒྱུན་སྐྱོང་དགོས་པའི་ཞལ་ཏ་གནང་ནས་སྐུ་མཚམས་ལ་བཞུགས། སྐུ་མཚམས་ལ་བཞུགས་ནས་ལོ་བཅུ་གསུམ་འགོར་ནས་བཅུ་བཞི་པའི་སྐབས་སུ་ཁོང་གི་གདན་སའི་འགན་འཁུར་མཁན་མི་གསུམ་པོ་སྡོད་མ་ཚུགས་པས་ཟུར་ཆུང་པ་མཚམས་ལ་བཞུགས་མ་ཐུབ་པར་ཕྱིར་དགོན་པར་ཕེབས་དགོས་བྱུང་བས་དེ་གསུམ་ལ་གོ་མ་ཆོད་མི་གསུམ་ཞེས་ཐོགས།

དེ་ཡང་ཁོང་གསུམ་པོ་གདན་ས་ནས་མ་བཞུགས་བའི་རྒྱུ་མཚན་ནི་འགོ་བྱ་ཚ་ཞེས་པ་དེས་གསང་བ་སྙིང་པོ་འདི་ལ་ཐབས་ལམ་གྱི་སྐབས་སུ་མ་རྒྱུད་དགོས་པ་འདུག་ཟེར་ནས་འགོས་ཁུགས་པ་ལྷས་བཙས་ཀྱི་སར་དགྱེས་རྡོར་མཉན་དུ་ཕེབས། འགོས་བྱ་ཚ་ནི་གཏམ་བཤད་ལ་བྱང་ཆ་ཅན་དང་། རང་ཉིད་ལ་གདེངས་ཚོད་དང་ང་རྒྱལ་ཡང་ཆེན་པོ་ཡོད་མཁན་ཞིག་རེད། ལམ་དུ་བཙུན་པ་གཉིས་དང་འཕྲད་སྐབས་བན་དེ་གཉིས་པོས་ཇོ་བོ་བན་དེ་ལམ་དུ་དགྲ་འདུག་གོ་ཟེར་བ་ལ། ཁོས། གཟུངས་འཛིན་གྱི་འཕྲངས་ལ་ཉོན་མོངས་པའི་ཇག་པ་བཀྱེ་ནས། ཉན་ཐོས་ཀྱི་བྱིས་པ་བཙོན་དུ་འཇུག་འོང་ཞེས་ལན་བཏབ། ཡང་བཙུན་པ་གཉིས་ཀྱིས། ཁྱོད་བན་དེ་རང་མཐོང་ཅན་ཞིག་རེད་ཅེས་སྨྲས་པར། ཐེག་རྒྱལ་གྱི་ཁ་ནས་ལྟ་རྒྱལ་གྱི་རྦབ་འདྲིལ་ནས། ཉནཐོས་ཀྱི་གྲོང་ཁྱེར་བཅོམ་ཡོང་ངོ་ཞེས་བརྗོད། དེ་ནས་འགོས་ཀྱི་གྲྭ་སར་ཡང་རྨ་ར་ཇོ་སྲས་རྨ་བྱ་ཞེས་པ་ཞིག་དང་བཞུགས་ས་མཐོ་དམན་རྩོད་དགོས་བྱུང་ནས་འགོས་ལ་ཡང་ཞེ་ས་གུས་ལུགས་ཚུལ་བཞིན་མ་ཞུས་པ་སོགས་བཤད་ཡམ་ཁྱད་མཚར་མཆིས། མེས་དབང་སེང་གིས་སྒྱུ་འཕྲུལ་གསང་སྙིང་འདི་ལ་དཀྱིལ་འཁོར་ཕྱིར་འདོན་པའི་དུས་སུ་རྒྱབ་ཏུ་ཡོ་ག་ཞིག་དགོས་པ་འདུག་གསུངས་ནས་སུམ་པ་ཡེ་འབར་གྱི་སར་ཡོ་ག་མཉན་དུ་སོང་། འགོ་ཆུང་དབང་གིས་སྒྱུ་འཕྲུལ་གསང་བ་སྙིང་པོ་འདི་ལ་གཞི་ལམ་གྱི་གྲུབ་མཐའི་སྐབས་སུ་ཚད་མ་ཞིག་དང་སྦྲགས་ནས་འཆད་ན་ལེགས་གསུངས་ནས་སྤང་ཀ་དར་ཆུང་བའི་སར་ཚད་མ་མཉན་དུ་སོང་བ་རེད།
སྤྱིར་ན་ཆོས་འབྱུང་དང་བླ་མའི་རྣམ་ཐར་ཚང་མར་གནས་ཚུལ་གང་ཡག་གི་རིགས་ལས་འབྲི་སྲོལ་མེད་ན་ཡང་ཟུར་ཆུང་པའི་རྣམ་ཐར་དུ་ཁོང་གི་སློབ་མ་གཙོ་བོ་རྣམས་བགྲང་སྐབས་གོ་མ་ཆོད་མི་གསུམ་ཞེས་པ་ཞིག་ཡོད་པ་དེ་ནི་གཞན་དང་འབྲི་སྲོལ་མི་མཚུངས་པ་ཞིག་རེད།

No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།