མི་རྒན་ཚོའི་ངག་རྒྱུན་ལ་བོད་ཀྱི་ཡུལ་ལུང་ག་གེ་མོ་ཞིག་ན་ནེ་ཙོ་གཡུ་འབུམ་ཟེར་བའི་མཆོད་རྟེན་ཆེན་པོ་ཞིག་མཇལ་དུ་ཡོད་ཟེར། མཆོད་རྟེན་དེ་བཞེངས་མཁན་ནི་ཚོང་དཔོན་ནོར་བུ་བཟང་པོ་ཡིན། དེ་ཡང་ཚོང་དཔོན་ནོར་བུ་བཟང་པོ་འཚོ་ཞིང་བཞུགས་པའི་དུས་སུ་བོད་ཀྱི་ཡུལ་ལུང་ཞིག་ན་ཁྱིམ་ཚང་འབྱོར་ལྡན་ཞིག་དང་འབྱོར་མེད་ཅིག་ཁྱིམ་མཚེས་མཐུན་པོར་ཡོད། ཁྱིམ་ཚང་དེ་གཉིས་ལ་བུ་ལོ་ན་མཉམ་པ་གཉིས་ཡོད། བུ་དེ་གཉིས་ནར་སོན་སྐབས་སུ་ཕ་མ་རྣམས་གྲོས་བསྡུར་བྱས་ནས་བུ་དེ་གཉིས་ས་ཐག་རིང་པོ་ཞིག་ལ་འཕོ་བ་གྲོང་འཇུག་སྦྱང་དུ་འགྲོ་བར་ཐག་བཅད། བུ་དེ་གཉིས་ཡུལ་ཐག་རིང་པོ་ཞིག་ཏུ་ཕྱིན་ནས་འཕོ་བ་གྲོང་འཇུག་བྱེད་སྟངས་བསླབས་ཤིང་ལེགས་པར་ཤེས།
ཁོང་གཉིས་ཕྱིར་ཕ་ཡུལ་དུ་སླེབས་ལ་ཉེ་བའི་ལམ་འགྲམ་ཞིག་ཏུ་བྱ་ནེ་ཙོ་ཤི་མ་ཐག་པ་ཞིག་མཐོང་། དེར་དབུལ་པོའི་བུ་དེས་ནམ་ཡིན་ཡང་ཕྱུག་པོའི་བུ་དེ་ལ་ཕྲག་དོག་བྱེད་བཞིན་ཡོད་སྟབས་གཡོ་སྒྱུའི་བསམ་བློ་ཞིག་འཁོར། དེར་ཁོས་ཕྱུག་པོའི་བུ་ལ་དེ་རིང་ངེད་གཉིས་ནེ་ཙོའི་རོ་འདི་ལ་གྲོང་འཇུག་བྱེད་དགོས། སྔོན་ལ་ཁྱོད་ཡིན་ཞེས་བརྗོད། དེར་ཕྱུག་པོའི་བུ་དེས་མགོ་སྐོར་གཏོང་བཞིན་པ་མ་ཤེས་ཏེ་ནེ་ཙོའི་རོ་ལ་གྲོང་འཇུག་བྱས་ཏེ་ནམ་མཁར་འཕུར། དེ་མ་ཐག་ཏུ་དབུལ་པོའི་བུ་ཁོ་རང་ཕྱུག་པོའི་བུའི་ལུས་ཕུང་གི་ནང་དུ་གྲོང་འཇུག་བྱས་ནས་ཁོ་རང་གི་ལུས་ཕུང་དུམ་བུར་གཏུབས་ནས་ཆུ་ནང་དུ་འཕངས། ཕྱུག་པོའི་བུ་ཕྱིར་རང་གི་ཕུང་པོར་ཞུགས་ས་མེད་ཐོག་དབུལ་པོའི་བུའི་ལུས་ཕུང་ལ་ཡང་ཞུགས་ས་མེད་སྟབས་ནེ་ཙོ་བྱས་ནས་མི་འདུག་ཐབས་མེད་བྱུང་།
དེར་དབུལ་པོའི་བུས་རང་ཉིད་ཕྱུག་པོའི་བུ་ཡིན་མདོག་གིས་ཕྱུག་པོའི་ཁྱིམ་དུ་སོང་ནས་དབུལ་པོའི་བུ་ནི་ལམ་དུ་ཤི་སོང་ཞེས་བརྗོད། དེར་ཕྱུག་པོའི་བུ་ཡིན་པའི་ནེ་ཙོ་དེས་རང་ཁྱིམ་དུ་སོང་ནས་སྐད་ཆ་བཤད་རུང་ཕན་ཐོགས་མེད་པ་ཤེས་ནས་ནགས་གསེབ་ཏུ་བསྡད། ནགས་ཚལ་གྱི་ལུང་པ་དེར་རྒན་མོ་མ་བུ་གཉིས་ཡོད་འདུག དེ་ཚང་ལ་ཞིང་ཆུང་ཆུང་ཞིག་ཡོད་པ་དེ་རུ་སོང་ནས་འབྲུ་རིགས་ཟོས། ཉིན་ཞིག་རྒན་མོ་དེའི་ཐག་སྙི་བཙུགས་ནས་ནེ་ཙོ་བཟུངས། རྐུན་མ་ཁྱོད་ཀྱིས་ངའི་འབྲུ་རིགས་ཟོས་སོང་བས་ད་འདི་གསད་པའི་གསད་ལུགས་ཤིག་བྱས་ནས་གསད་དགོས་ཞེས་བརྗོད། དེར་ནེ་ཙོས་ཁྱོད་ཀྱིས་ང་མ་གསོད་དང་ངས་ཉིན་ཞིག་ཁྱོད་ལ་ཕན་ཞིག་ཐོགས་ཞེས་བརྗོད། དེར་རྒན་མོ་དེས་ཁྱོད་ཀྱིས་ང་ལ་ཕན་ཅི་བཏག་རྒྱུ་ཡིན་ཞེས་དྲིས། དེར་ནེ་ཙོས། ལམ་འདི་བརྒྱུད་ནས་ཚོང་དཔོན་ནོར་བུ་བཟང་པོ་ཡོང་བའི་སྐབས་སུ་ལམ་དུ་ཁྱེར་ནས་ནེ་ཙོ་ཨེ་ཉོ་ཟེར་དགོས། དེར་ཁོས་ནེ་ཙོ་ལ་རིན་གོང་ཅི་ཙམ་དགོས་ཟེར་ན། ནེ་ཙོས་རང་གོང་རང་གིས་རྒྱག་ཤེས་ཟེར་དགོས་པ་རེད་ཅེས་བརྗོད། རྒན་མོས་ནེ་ཙོ་མ་བསད་པར་ཁྱིམ་དུ་གསོས།
ཉིན་ཞིག་ཚོང་དཔོན་ནོར་བུ་བཟང་པོས་རྟ་དྲེལ་མང་པོ་དེད་ནས་ལུང་པ་དེར་སླེབས། རྒན་མོས་ནེ་ཙོ་ཁྱེར་ནས་ཚོང་དཔོན་ནོར་བུ་བཟང་པོའི་དྲུང་དུ་སོང་ནས་ནེ་ཙོ་ཨེ་ཉོ་ཞེས་བརྗོད། ཚོང་དཔོན་ནོར་བུ་བཟང་པོས་ནེ་ཙོ་ལ་གོང་ཚད་གང་ཡིན་ཞེས་དྲིས། རྒན་མོས་ནེ་ཙོས་རང་གོང་རང་གིས་རྒྱག་ཤེས་ཞེས་བརྗོད། དེར་ཚོང་དཔོན་གྱིས་ནེ་ཙོ་ཁྱོད་ལ་གོང་ཚད་ཅི་དགོས་ཞེས་དྲིས། དེར་ནེ་ཙོས་ངའི་གོང་ཚད་ལ་དྲེལ་ཇ་རྒྱབ་བཀལ་བ་བརྒྱ་ཐམས་པ་དགོས་ཞེས་བརྗོད། དེར་ཚོང་དཔོན་ཡ་མཚན་ནས་ནེ་ཙོའི་རིན་གོང་ལ་དྲེལ་ཇ་རྒྱབ་བཀལ་བ་བརྒྱ་ཐམས་པ་སྤྲད་ཅིང་ནེ་ཙོ་ཁྲིད་ནས་སོང་།
དགུན་ཁ་ཞིག་ལ་ཚོང་དཔོན་ནོར་བུ་བཟང་པོའི་སྒར་དེ་རི་གཉིས་ཀྱི་བར་ལ་འབབ་པའི་གྲ་སྒྲིག་བྱས། ནེ་ཙོས་ཚོང་དཔོན་ལགས། དགུན་ཁ་རི་གཉིས་བར་ལ་མ་འདུག་ཟེར་བ་རེད་ཅེས་བརྗོད། དེར་ཚོང་དཔོན་གྱིས་ནེ་ཙོའི་ཁར་ཉན་ནས་རི་གཉིས་ཀྱི་བར་མིན་ས་ཞིག་དུ་སྒར་བཏབ། དགོང་མོ་དེར་རི་ཉིན་སྲིབ་གཉིས་ནས་གངས་འཁྱགས་ཉིལ་ནས་ལུང་པ་གངས་འོག་ཏུ་མནན། དབྱར་ཁ་ཞིག་ལ་ཚོང་དཔོན་ནོར་བུ་བཟང་པོའི་སྒར་དེ་ཆུ་གཉིས་ཀྱི་བར་ལ་བབ། དེར་ནེ་ཙོས། ཚོང་དཔོན་ལགས། དབྱར་ཁ་ཆུ་གཉིས་བར་ལ་མ་འདུག་ཟེར་བ་རེད་ཅེས་བརྗོད། དེར་ཚོང་དཔོན་གྱིས་སྒར་དེ་ཆུ་གཉིས་བར་མིན་ས་ཞིག་ཏུ་བབ། དགོང་མོ་དེར་ཆུ་ལོག་བརྒྱུགས་ནས་ལུང་པ་གང་། དེ་ལྟ་བུར་ནེ་ཙོས་ཚོང་དཔོན་ནོར་བུ་བཟང་པོའི་ལུས་སྲོག་ལོངས་སྤྱོད་བསྐྱབས་པ་ཐེངས་མང་པོ་བྱུང་། ནེ་ཙོ་ནི་ཚོང་དཔོན་ནོར་བུ་བཟང་པོའི་གྲོགས་པོ་བཟང་ཤོས་སུ་གྱུར་ནས་ཚོང་དཔོན་ནོར་བུ་བཟང་པོས་གང་དུ་ཕེབས་ན་ཡང་ནེ་ཙོ་དེ་དྲེལ་གྱི་སྒའི་སྟེང་དུ་འབབ་བཅུག་ནས་འགྲོ་སྲོལ་ཡོད།
ཉིན་ཞིག་ལ་ཚོང་དཔོན་ནོར་བུ་བཟང་པོས་རྟ་དྲེལ་བརྒྱ་ཕྲག་མང་པོ་དེད་ནས་འགྲོ་བཞིན་པའི་སྐབས་སུ་ནེ་ཙོས་ལམ་གྱི་དཀྱིལ་ན་གཡུ་དྲུག་དཀར་རྡོ་ལེབ་ཙམ་ཞིག་མཐོང་། ནེ་ཙོས་གཡུ་དྲུག་དཀར་གོང་ཐང་ཆེ་བས་གཡུ་དེས་ཚོང་དཔོན་ནོར་བུ་བཟང་པོའི་ལག་ལ་ཡོང་ཐུབ་ན་བསམ་ནས་ཚམ་ཚོམ་མེད་པར་འཕུར་ལྡིངས་ཀྱིས་གཡུ་སྟེང་དུ་བབ་ནས་རྟ་དྲེལ་གྱིས་རྡོག་རྫིས་ལས་སྲུང་ཐབས་བྱས། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་རྟ་དྲེལ་གྱི་ཁ་འགོག་མ་ཐུབ་པར་ནེ་ཙོ་རྟ་དྲེལ་གྱི་རྡོག་རྫིས་ཐེབས་ནས་ཤི། ཡིན་ན་ཡང་གཡུ་དྲུག་དཀར་རྡོ་ལེབ་ཙམ་དེ་རྟ་དྲེལ་གྱིས་རྨིག་འོག་ཏུ་ཆག་སྐྱོན་མ་བྱུང་། དེར་ཚོང་དཔོན་ནོར་བུ་བཟང་པོས་གཡུ་དེ་ཡིས་མ་རྩ་བྱས་ནས་ནེ་ཙོའི་དགེ་རྩ་དང་རྗེས་དྲན་ལ་མཆོད་རྟེན་འབུམ་པ་ཆེན་པོ་ཞིག་བཞེངས་ཤིང་ནེ་ཙོ་གཡུ་འབུམ་ཞེས་ཐོགས་པ་རེད་ཟེར།
No comments:
Post a Comment
ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།