མ་བུ་བར་གྱི་ཁ་རྩོད། ༼༦༽
མས། ད་ངའི་སྡུག་དེ་གང་ལ་འཇོག ཁྱོད་གྲྭ་བ་ཞིག་ཡིན་ན་ད་ང་ཤི་དུས་ཀྱང་སེམས་བདེ་བདེ་བྱས་ནས་ཤི་ཆོག་ནི་རེད།
བུ་གྲྭ་བ་ཞིག་ཡིན་མ་རྒན་ང་ཤི་དུས་སྡུག་པོ་ཅི་ལ་ཡོང་། ད་ཁྱོད་ཀྱི་ལས་མཐའ་འདིས་ང་ཤི་དུས་ཀྱང་འགྱོད་པ་སྐྱེ་ནས་ཤི་དགོས་ནི་རེད།
བུས། དེ་མ་རེད། ཁྱོད་ལ་བུ་གྲྭ་བ་ཞིག་མ་དགོས་བུ་སངས་རྒྱས་ཤིག་འཁྲུངས་ན་ཡང་ཁྱོད་བདེ་བ་ཅན་ལ་རྡོ་འཕེན་འཕེན་བྱེད་མཁན་ཞིག་ཡོད་ནི་མ་རེད།
ཁྱོད་ཤི་བའི་ཉི་མ་སེམས་བདེ་བདེ་བྱེད་ཆོག་དང་མི་ཆོག་ཟེར་རྒྱུ་དེ་ཁྱེད་རང་གིས་ཚེ་འདིའི་ཐོག་གི་བསམ་བློ་དང་སྤྱོད་པ་འཁྱེར་སྟངས་ལ་ཐུག་ཡོད་ནི་རེད།
སྤྱིར་ན་ཁྱོད་དང་ངེད་གཉིས་ཀས་གཅིག་གིས་གཅིག་གི་སྟེང་ལ་ཆོས་བཤད་རེས་རེད་འགྲོ་ཁི། ཁྱོད་ངེད་གཉིས་ཀས་གཅིག་གིས་གཅིག་ལ་ཆོས་བཤད་རྒྱུའི་ལས་འགན་དེ་ལས་འགན་གཙོ་བོ་མ་རེད།
ཁྱོད་ངེད་གཉིས་ཀ་མ་བུ་རེད་མ་གཏོགས་བླ་སློབ་འདྲ་ནི་མ་རེད། ཁྱོད་ངེད་གཉིས་བར་ལ་ཆོས་བསྒྲུབས་དང་མ་བསྒྲུབས་ཀྱི་ལེ་བདའ་དང་འཛིངས་རེས་འཁོན་རེས་བྱེད་ན་ཕན་ཐོགས་གང་ཡང་ཡོད་ནི་མ་རེད།།
ཁྱོད་ངེད་གཉིས་ཀ་མ་བུ་ཡིན་ས་ནས་ཁྱོད་ངེད་གཉིས་ཀའི་མི་ཚེ་དེ་སྐྱིད་པོ་རེ་བྱེད་རྒྱུའི་འགན་ཡོད་ནི་རེད།
ད་ང་བུ་ལ་ཡང་རང་གི་ཁྱིམ་ཚང་གསར་བ་ཞིག་ཡོད་ནི་རེད། ཁྱོད་ཨ་མ་ཡང་ཁྱིམ་ཚང་བསྐྱངས་ནས་ཡོང་མཁན་ཡིན་ས་ནས་ཁྱིམ་ཚང་སྐྱིད་པོ་ཞིག་ཡོང་བ་ལ་ཁ་ཏ་བསླབ་བྱ་འདྲ་ཡོད་ན་བྱེད་རོགས།
ང་ཡང་ཁྱོད་ཀྱི་བུ་ཡིན་ས་ནས་ངས་ཁྱོད་ཀྱི་ཚེ་རྔ་འདིར་སྐྱིད་པོ་བདེ་མོ་ཡོང་སྤྱད་ལ་རོགས་རམ་རེ་བྱེད་ཐུབ་ས་ཡོད་ན་བཤད་རོགས།
དེ་ཁྱོད་ངེད་གཉིས་མ་བུ་ཡིན་ས་ནས་འཁུར་དགོས་པའི་ལས་འགན་རེད།
མས། སྐྱིད་པོ་ཅི་ཞིག་གིས་སྐྱིད་པོ། ཁྱོད་ཀྱིས་ང་སྡུག་གི་ནང་ལ་འཕངས་བཞག་ནི་རེད།
ད་ཁྱོད་ངའི་མིག་གི་མཐོང་ས་ཞིག་ལ་ཡོང་མི་དགོས། ང་ཤི་རན་ནི་རེད། ཤི་ཚར་དུས་རོ་སྒོག་ནི་ཚ་བུ་ཚོས་མར་ཕྱགས་རྡུལ་ནང་ཞིག་ལ་འཕེན་ལོས་འཇོག
ད་ཁྱོད་ཀྱིས་ང་སྐྱིད་པོ་ཚོ་ཅི་བྱེད། ང་ད་མགྱོག་པ་ཤི་སོང་ན་དགའ་ཁི། ཡིན་ན་ཡང་རྐང་པ་རེ་ན་རྒྱུ་ལས་ན་ན་ཚ་ཚ་ནི་མེད་ཁི།
རྐང་པ་ཞིག་ན་ནས་ཤི་རོགས་ཅི་ལ་བྱེད སྡུག་ག།
བུས། ཨོ་རེད། ད་རོ་སྒོག་འཕེན་མཁན་ཞིག་གི་ལས་ཀ་བས་མེད་དུས་ད་ངོ་མ་ང་ཡོད་མེད་ཅི་ཡང་ཡོད་ནི་མ་རེད།
རོ་སྒོག་དེ་སུ་ཞིག་གིས་འཕེན་དང་གང་ཞིག་ལ་འཕེན་ཟེར་རྒྱུ་དེ་གལ་ཆེན་པོ་ཅི་ཡང་མ་རེད། རོ་རེད་ཚར་དུས་ས་རྡོ་རེད།
ཡིན་ན་ཡང་ངས་རེ་བ་དེ་བས་དྲག་ཅིག་རྒྱག་གི་ཡོད། ཁྱོད་གསོན་པའི་དུས་འདི་ལ་ངས་ཕན་ཞིག་ཐོགས་ན་བསམ་གི་ཡོད།
ཁྱོད་ཀྱིས་བུ་བུ་མོ་དང་ཚ་བུ་ཚ་མོའི་དོན་ལ་ཚེ་གཅིག་གི་རིང་ལ་ཤི་ཤི་ཆད་ཆད་ཀྱི་ལས་ཀ་ལས་ཡོད་ནི་རེད།
སྤྱིར་ན་དེང་སང་ལས་བྱེད་པ་ཞིག་ཡིན་ན་ལོ་དྲུག་ཅུ་རེ་བདུན་ལ་ཐོན་དུས་རྒས་ཡོལ་ངལ་གསོ་བྱེད་ཆོག་ནི་རེད།
ཁྱོད་ཀྱིས་ཀྱང་ཚེ་མཇུག་འདིར་སྐྱིད་སྐྱིད་ལྷོད་ལྷོད་འདྲ་ཞིག་བྱས་ནས་འདུག་རྒྱུ་རེ་ཡོང་སོང་ན་བསམ་ནི་ཡིན།
ཁྱོད་ཀྱི་ཚེ་མཇུག་འདིར་ངས་ཁྱོད་ལ་རོགས་པ་རེ་བྱེད་དགོས་རྒྱུ་དེ་ང་བུ་ཞིག་གི་འགན་ཡང་རེད།
ཁྱོད་ཤི་རན་ཅི་ཡང་ཡོད་ནི་མ་རེད། ཁར་སང་ངའི་གྲོགས་པོ་ཞིག་གི་མ་རྒན་ལོ་བདུན་ཅུ་དོན་བརྒྱད་ཡིན་ནི་ཞིག་ཁྱིམ་མཚེས་རྒྱ་གར་ལ་ཡོང་མཁན་ཞིག་དང་མཉམ་དུ་རྒྱ་གར་ལ་གནས་སྐོར་ལ་ཡོང་ཁི་ཡོད་ཟེར་ཁི།
ངའི་གྲོགས་པོ་ཇེ་སོན་ལོ་ལྔ་བཅུ་རེད། ཁོང་གི་ཨ་ཡེ་ལོ་དགུ་བཅུ་གོ་དྲུག་རེད། ད་རུང་ཡང་ལུས་པོ་ཡང་ཚགས་ཚགས་རེད།
རིག་པ་ཡང་གསལ་པོ་རེད། མི་ཚེ་རིང་པོ་ཡོང་སྤྱད་ལ་སྨན་བཅོས་འཕྲོད་རྟེན་དགོས་ནི་རེད། གཙང་སྦྲ་དགོས་ནི་རེད།
ཟས་བཅུད་གཟུགས་པོ་ལ་འཕྲོད་པ་ཟ་འཐུང་དགོས་ནི་རེད། དེ་ཡིན་དུས་ཁྱོད་ད་རུང་ལོ་མང་པོ་ལ་འདུག་དགོས་ནི་རེད།
འདུག་ཐུབ་ནི་རེད། ཁྱོད་ཀྱིས་་ད་རུང་ཡང་ཚ་བུ་དང་ཡང་ཚ་མང་པོ་རིག་ཐུབ་དགོས་ནི་རེད། བླ་མ་ཞིག་ཡིན་ན་སློབ་མ་ཚོས་རང་རང་གི་བླ་མ་སྐུ་ཚེ་རིང་པོ་ཡོང་སྤྱད་ལ་བརྟན་བཞུགས་འབུལ་ཁི་ཡོད་ནི་རེད།
ཁྱོད་བླ་མ་འདྲ་མ་རེད་ད་ཨ་མ་ཞིག་ཡིན་དུས་བརྟན་བཞུགས་ཟེར་ནས་འབུལ་རྒྱུ་མེད་ན་ཡང་ང་བུ་ཡི་ངོས་ནས་ཁྱོད་ཚེ་རིང་པོ་ཡོང་རྒྱུའི་རེ་བ་རྒྱག་གི་ཡོད།
སྨོན་ལམ་འདེབས་ཁི་ཡོད། དེ་ཡིན་དུས་ཁྱོད་ཚེ་རིང་པོ་ལ་འདུག་དགོས་ནི་རེད།
མས། ཅི་ཞིག་གི་བུ། ད་ང་ལ་ནི་ཁྱོད་བུ་ཞིག་ཡོད་བསམ་པའི་བསམ་པ་ཡང་མེད།
བུས། དེ་ཅི་ཡིན་ནམ། འཛམ་བུ་གླིང་ན་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་ཕ་མ་བུ་རྒྱུད་ཀྱིས་འབྲེལ་མེད་ནི་ཞིག་ཡོད་ནི་མ་རེད།
དེའི་ནང་ན་གྲྭ་བ་མང་ཆེ་ན་འབུམ་གཅིག་གཉིས་རེ་ཨེ་ཡོད་ན། དེ་མིན་པ་ཚང་མ་གྲྭ་བ་མ་རེད། ཡིན་ན་དེ་ཚོ་ཚང་མས་མ་ལ་མ་ཡི་འདུ་ཤེས་དང་བུ་ལ་བུ་ཡི་འདུ་ཤེས་འཇོག་ཐུབ་ཁི་ཡོད་ནི་རེད།
ཁྱོད་ཀྱི་བུ་དེ་ཡིན་མིན་གཅིག་ལ་གྲྭ་བ་ཞིག་ཡོང་དགོས་ནི་ཞིག་ད་གྲྭ་བ་ཞིག་མ་ཡོང་ན་བུ་ཡིན་པའི་བསམ་པ་དེ་ཡང་བོར་འགྲོ་དགོས་དོན་ཅི་ཡིན་ནམ།
ཚད་མཐོ་སའི་དམ་པ་ཆོས་ཕྱོགས་ནས་བལྟས་ཡོང་དུས་སེམས་ཀྱིས་བསམ་ནི་འདྲ་ཞིག་ལག་པས་ཐོན་ཡོད་ནི་མ་རེད།
མ་ཡིས་བསམ་ནི་འདྲ་ཞིག་བུ་ཡིས་ཡོང་ཡོད་ནི་མ་རེད། དེ་སེམས་སྡུག་དགོས་ས་ཞིག་དང་འགྱོད་དགོས་ས་ཞིག་མ་རེད་བསམ་ཁི།
ཁྱོད་མ་ཡི་ངོས་ནས་ཡིན་ན་ཡང་རེ་བ་ཚད་མཐོན་པོ་ཞིག་བརྒྱབ་པ་དེ་ལ་དགེ་བ་མེད་རུང་སྡིག་པ་འདྲ་ཡོད་རྒྱུ་མ་རེད།
ང་བུའི་ངོས་ནས་ཀྱང་གྲྭ་བ་ངོ་མ་བོ་ཡིན་བསམ་ནས་ལོ་བཅུ་བཞི་དང་ཡིན་ལ་མིན་ལ་བྱས་ནས་ལོ་བཞི་སྟེ་ཁྱོན་བསྡོམས་པས་ལོ་བཅོ་བརྒྱད་ཙམ་ཞིག་ལ་ཨུ་ཚུགས་བོ་བརྒྱབ་ནས་བསྡད་ནི་རེད།
དེ་ངེད་མ་བུ་གཉིས་ཀས་ལས་ཀ་ཡག་པོ་ཞིག་ལས་ཡོད་ཁི་བསམ་ཁི། འཇིག་རྟེན་སྤྱི་ལུགས་ཀྱི་བསམ་བློ་བཏང་ཡོང་དུས་ང་བཟང་ན་ཁྱོད་ཀྱི་བུ་རེད།
ངན་ན་ཡང་ཁྱོད་ཀྱི་བུ་རེད། དེ་ཡིན་དུས་ངེད་གཉིས་མ་བུ་གཉིས་ཀས་གཅིག་གིས་གཅིག་གི་མི་ཚེ་དེ་སྐྱིད་པོ་ཡོང་བར་ནུས་པ་ཅི་ཐོན་ལ་བསམ་བློ་གཏང་དགོས་ནི་ཞིག་དང་ལས་ཀ་ལས་དགོས་ནི་རེད་བསམ་ཁི།
བུས། ད་ཅིག་བཤད་རྒྱུ་འདྲ་ཨེ་ཡོད་ཁི།
མས། ད་ང་ཚིག་པ་ཟ། བསམ་པ་སྡུག་ནས་བཤད་རྒྱུ་ཞིག་ཁ་ནང་ལ་མི་ཡོང་ཁི།
ད་ངས་ཁ་པར་གི་སྒོ་རྒྱག་ནི་ཡིན།
བུས། ཨ་མ། ད་དེ་རིང་བཤད་རྒྱུ་མི་རག་ན་ངས་རྗེས་ལ་ཁ་པར་གཏང་ནི་ཡིན།
དེ་དུས་ངེད་གཉིས་ཀས་སྐད་ཆ་བཤད།
མས། ཨོ་ད་ང་ལ་བཤད་རྒྱུ་ཅི་ཡང་མེད། རྗེས་སུ་ང་ལ་ཁ་པར་གཏང་མི་དགོས།
ཁྱོད་རང་བདེ་ས་སྐྱིད་སའི་དམྱལ་བའི་ནང་ལ་སོང་ནས་སྡོད།
འདི་དོན་དངོས་ཀྱི་ཁ་བརྡ་ཞིག་རེད་འདོད། འདི་ཁ་བརྡ་དྲ་ངོས་སུ་བཀོད་ན་ཆོག་གམ།
ReplyDelete