བོད་དུ་ཆོས་ལོག་བྱུང་ཚུལ་ལས་འཕྲོས་དེ་འབུམ་ཆུང་གླེང་བ།


རྡོ་རྗེ་ཚེ་སྲུང་།


དུས་རབས་བརྒྱད་པའི་ནང་ཙམ་ནས་བོད་དུ་རྒྱ་གར་གྱི་མཁན་པོ་ཤན་ཏ་རཀྴི་ཏ་དང་། སློབ་དཔོན་པདྨ་སམ་བྷ་ཝས་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པའི་སྲོལ་ལེགས་པར་བཙུགས། དུས་རབས་དགུ་པའི་ནང་དུ་བོད་ཀྱི་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་ཞིང་བོད་སིལ་བུར་འཐོར། དབུས་སྲིད་གཞུང་གིས་སྟངས་འཛིན་མེད་པའི་བོད་ཀྱི་ཡུལ་འདིར་མི་སྡེ་རྣམས་རྩིད་རྐུད་ཀྱི་མགོ་བྲེགས་པ་བཞིན་གཅིག་འོག་ཏུ་གཅིག་མ་འདུས་པར་སྡེ་རིས་ཆེ་ཆུང་སྣ་ཚོགས་པར་གྱེས། དུས་རབས་བཅུ་པ་མགོ་ཚུགས་ཙམ་ནས་བོད་དུ་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པ་དར་རྒྱས་ཀྱི་ལས་འགུལ་ཆེན་པོ་སྤེལ།
སྔར་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གྱི་མགོ་ཚུགས་ཏེ་གཞུང་ལུགས་མང་པོ་ཞིག་བསྒྱུར་ཡོད་པ་རྣམས་བཙན་པོའི་སྲིད་གཞུང་གི་ཁྲིམས་ཀྱི་བཀག་རྒྱས་བསྡམས་ནས་གཞུང་གི་དཔེ་མཛོད་ཁག་ཏུ་ཉར་ཡོད་པ་རྣམས་ཀྱང་ཁྲིམས་མེད་ལུགས་མེད་དུ་གྱུར་ནས་མི་སྣ་འདྲ་མིན་མང་པོའི་ལག་ཏུ་གྱར། ས་སྡེ་ཁག་གི་དབང་བསྒྱུར་བ་ཚོས་ཀྱང་རྒྱ་གར་དང་བལ་ཡུལ་ནས་ཆོས་ལུགས་མི་སྣ་མཁས་པ་གདན་འདྲེན་པ་དང་། བོད་ཀྱི་གྲྭ་བ་ན་གཞོན་ཤེས་རབ་ཅན་མང་པོ་རྒྱ་གར་དང་བལ་ཡུལ་ཕྱོགས་སུ་བཏང་ནས་ཆོས་ལུགས་དང་སྐད་རིགས་སློབ་སྦྱོང་བྱས་རྗེས་སུ་རྗེས་སུ་སྔར་བོད་དུ་མེད་པའི་མདོ་གཞུང་དང་། གསང་སྔགས་ཀྱི་རྒྱུད་སྡེ་དང་གདམས་ངག་བོད་དུ་བསྒྱུར་ནས་དར་སྤེལ་ཡོང་བར་ནུས་པ་ཆེན་པོ་བཏོན།
སྐབས་དེར་བོད་ཀྱི་ཡུལ་སྤྱི་ལ་ཁྱབ་པའི་ཁྲིམས་བཅའ་ཐུབ་མཁན་མེད་པའི་སྐྱོན་གྱིས་སངས་རྒྱས་ཀྱི་གསུང་དང་མི་མཐུན་པའི་ལྟ་སྤྱོད་སྒོམ་གསུམ་སྟོན་མཁན་དང་དེ་དག་གིས་བཟོས་པའི་གཞུང་ལུགས་ཀྱང་མང་པོ་བྱུང་། ཆོས་ལོག་པ་དེ་དག་གི་དཔེ་མཚོན་ཙམ་དུ་ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེ་ལས་བྱུང་བ་ཁ་ཤས་ཤིག་གླེང་བར་བྱ། དེ་ཡང་དུས་རབས་བཅུ་པའི་ནང་དུ་ར་རྫི་སྐར་རྒྱལ་ཞེས་པ་ཞིག་བྱུང་། ཆེ་བསྟོད་ལ་སངས་རྒྱས་སྐར་རྒྱལ་ཟེར། མི་དེས་དཔྲལ་བ་ནས་འོད་འཕྲོ་ནུས་པ། བར་སྣང་ལ་དཀྱིལ་ཀྲུང་གིས་སྡོད་ནུས་པ། རྩྭ་འཇགས་མ་རྐང་གཅིག་གི་སྟེང་ལ་སྡོད་ནུས་པ་སོགས་རྫུ་འཕྲུལ་མང་པོ་སྟོན་ཤེས་སྐད། མི་དེས་སྟོང་པ་ཉིད་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ། བྱམས་དང་སྙིང་རྗེ་ཆེ་བར་འཆོས་པ། དེས་བསླབས་པའི་ཆོས་དེས་ཏིང་ངེ་འཛིན་ཡང་རྒྱུད་ལ་སྐྱེ་བ་སོགས་བྱུང་ནས་སློབ་མ་མང་པོ་འདུས། ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་གཞུང་ཚང་མར་བཟོ་བཅོས་ཅུང་ཟད་རེ་བྱས་ནས་འཆད་མཁན་ཞིག་རེད། སྐབས་དེར་ལོ་ཙཱ་བ་རིན་ཆེན་བཟང་པོས་ཟླ་བ་དྲུག་གི་རིང་ལ་གྲ་སྒྲིག་བྱས་ནས་ཁོ་ཚར་གཅོད་དུ་ཕྱིན། ཐོག་མར་ལོ་ཙཱ་བ་རིན་ཆེན་བཟང་པོ་ཁོའི་དྲུང་དུ་སླེབས་སྐབས་ཁོས་བར་སྣང་ལ་དཀྱིལ་ཀྲུང་གིས་བསྡད་ནས་ཆོས་འཆད་བཞིན་ཡོད། འོན་ཀྱང་ལོ་ཙཱ་བ་རིན་ཆེན་བཟང་པོ་མཐོང་མ་ཐག་ཏུ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ནུས་མཐུ་མ་བཟོད་པར་སར་ལྷུང་ཞིང་བརྒྱལ་སོང་སྐད། དེ་ནས་ཁོའི་ནུས་པ་ཉམས་ཤིང་རྙེད་བཀུར་རྒྱུན་ཆད། གལ་སྲིད་ལོ་ཙཱ་བ་རིན་ཆེན་བཟང་པོ་ལྟ་བུ་ཞིག་སྐབས་དེར་མ་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་བསྲེ་ལྷད་ཅན་དུ་བསྒྱུར་རྒྱུ་ཡིན་པར་གྲགས།
སྐབས་དེར་བོད་མི་སྔགས་པར་བརྫུས་པ་མང་པོས་ཞོགས་པར་རང་རང་གི་ཆུང་མར་དེ་རིང་ཆང་ཞིམ་པོ་ཞིག་ཚོས་དང་ངས་རྒྱུད་རྩོམ་བཞིན་ཡོད་ཟེར་ནས་ཕྱི་དྲོ་ཉི་མ་དམར་ཐག་ཆོད་དུས་སངས་རྒྱས་ཀྱི་གསུངས་དང་རྡོ་རྗེ་འཆང་གི་བཀའ་རུ་བརྫུས་པའི་གླེགས་བམ་གླེགས་བམ་བརྩམས་ཡོང་བ་དཔེར་ན་གཙུག་ཏོར་ནག་མོའི་རྒྱུད་སོགས་ཡིན།  དེ་བཞིན་དུ་མདོ་སྡེའི་ཕྱོགས་སུ་ཡང་དཔེར་ན། ཀོའུ་ཤི་ཀའི་མདོ་དང་། འཕགས་པ་ཤིག་ཅན་གྱི་མདོ་དང་། བློ་གྲོས་བཟང་མོའི་མདོ་ཆུང་ངུ་ཞེས་པ་སོགས་བོད་ཀྱིས་རང་བཟོ་བྱས་པའི་མདོ་ཡིན་སྐད། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་མིན་པ་རྒྱ་གར་ནས་བསྒྱུར་ཡོང་བ་སངས་རྒྱས་ཀྱི་གསུང་དུ་འཁྲུལ་བ་ཧིན་དྷུ་མུ་སྟེགས་པའི་གཞུང་ལྷ་མོ་གནས་མཁར་ཞེས་པ་ལྟ་བུའི་ཡིག་ཆ་ཡང་བྱུང་སྐད། རྡོ་རྗེ་ཕག་མོའི་སྐོར་མང་པོ་ཞིག་ཀྱང་དབང་བསྐུར་མི་དགོས་པར་གདམས་ངག་སྦྱིན་རུང་བ་སོགས་རང་བཟོ་བྱས་ནས་བྱུང་སྐད། དེ་བཞིན་དུ་མདོ་རྒྱུད་དང་མི་མཐུན་པའི་སྙན་བརྒྱུད་དང་ཆིག་བརྒྱུད་སོགས་སུ་བཏགས་པ་མང་པོ་བྱུང་བ་དང་། ལྷག་པར་ཡང་དཀར་པོ་ཆིག་ཐུབ་ཞེས་བྱ་བའི་གདམས་ངག་གི་ཁྲིད་རྒྱུན་ཞིག་ཤུགས་ཆེན་པོ་དར་ནས་བསྟན་པ་བསྲེ་ལྷད་ཅན་དུ་བསྒྱུར་བ་སོགས་མ་དག་པ་མང་པོ་བྱུང་བར་བཤད།
སྐབས་འདིར་གླེང་བར་འདོད་པ་ངོ་མ་དེ་ད་ལྟ་བོད་ཀྱི་མང་ཚོགས་ཁྲོད་དུ་རིམ་གྲོ་སོགས་སུ་སྒྲོག་སྲོལ་ཆེན་པོ་ཡོད་པ་འབུམ་ཆུང་ཞེས་པ་དེ་རེད། འབུམ་ཆུང་གི་ཚིག་དོན་དང་གླེང་གཞི་སོགས་གང་ལ་བལྟས་ཀྱང་འདི་སངས་རྒྱས་ཀྱི་གསུང་ཞིག་དང་རྒྱ་གར་ནས་སྒྱུར་བ་ཞིག་ཏུ་ཁས་ལེན་ནུས་པ་ཞིག་མ་རེད། འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཞེས་པ་བོད་དུ་འབུམ་ཞེས་འདོགས་སྲོལ་ཡོད་པ་དེ་ཚིག་དོན་བསྡུས་པ་ཞིག་ཡིན་པར་ཡིད་ཆེས་བྱེད་མཁན་མང་། ཡིག་ཆ་དེའི་མཇུག་གི་གཏམ་ལྟ་བུ་དེར་སྤྱིར་སངས་རྒྱས་ཀྱི་གསུངས་པ་དང་དེ་ཡང་ཇོ་བོ་རྗེ་དཔལ་ལྡན་དི་པཾ་ཀ་རའི་ཐུགས་གཙིགས་ཧ་ཅང་ཆེ་བའི་གསུང་རབ་ཅིག་ཡིན་པར་བརྗོད་ཡོད། ཡིན་ན་ཡང་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཇོ་བོ་རྗེའི་ལོ་རྒྱུས་འཁོད་པའི་ཡིག་ཆ་དེ་ཚོར་དེའི་སྐོར་གཏན་ནས་མེད་པ་དང་། སྔོན་དུས་ཀྱི་བཀའ་གདམས་པ་དང་དུས་ཕྱིས་ཀྱི་བཀའ་གདམས་གསར་མར་གྲགས་པའི་རྗེ་རིན་པོ་ཙོང་ཁ་པའི་ལུགས་སོགས་སུ་ཡང་འབུམ་ཆུང་ཞེས་པ་དེ་སྒྲོག་སྲོལ་དམིགས་བསལ་བ་ཞིག་མེད། གསུང་རབ་རྩོམ་སྲོལ་ཀྱང་རྒྱ་གར་ནས་བསྒྱུར་བའི་སངས་རྒྱས་ཀྱི་གསུང་རབ་དང་མི་མཐུན། ཡིག་ཆ་དེའི་མཇུག་ཏུ་ཡིག་ཆུང་ལྟ་བུ་རིང་པོ་ཞིག་ཡོད། སྤྱིར་ན་རྒྱ་གར་ནས་བསྒྱུར་བའི་གཞུང་རྣམས་ལ་མཇུག་བྱང་ཧ་ཅང་ཐུང་ངུ་རེ་ཡོད་པ་མེད་པ་ཅི་རིགས་ལས་འདི་འདྲའི་སྦྱར་བྱང་ངམ་ཡིག་ཆུང་ལྟ་བུ་རིང་པོ་དེ་འདྲ་ཡོད་པ་གཞན་གང་ཡང་མེད་པས་རྫུན་རྐུབ་འགེབས་ཆེད་དུ་སྦྱར་བྱང་འདི་འདྲ་རིང་པོ་ཞིག་སྦྱར་དགོས་བྱུང་བ་རེད་སྙམ། སྦྱར་བྱང་ལྟ་བུ་དེའི་ནང་དུ་ཇོ་བོ་རྗེ་ཁྱིམ་ཚང་ཞིག་ལ་རིམ་གྲོར་ཕེབས་པ་དང་། རྩམ་པས་ཆུ་གཏོར་མང་པོ་མཛད་ཚུལ་ཞིག་ཡོད། དེ་ཡང་མི་བདེན་དེ་རྒྱ་གར་ནི་འབྲས་དང་སྲན་ཐུག་ཟ་སའི་ཡུལ་ཡིན་པ་ལས་རྩམ་པ་ཟ་སའི་ལུང་པ་ཞིག་མིན་པ་དེས་ཀྱང་རྫུན་རྐུབ་ཆུང་ངུ་ཞིག་བརྡོལ་ཟིན་འདུག ཡིག་ཆ་འདིས་ཚིག་དོན་གང་ཐད་ནས་བལྟས་ཀྱང་ཆུ་གཏོར་གཏོང་བ་དང་འབུམ་སྒྲོག་པ་ཙམ་ལས་ནང་དོན་ལ་གོ་བ་གཏན་ནས་མེད་མཁན་ཞིག་གིས་འབུམ་གྱི་ནང་གི་ཚིག་སྣ་ཁ་ཤས་བསྡུ་རུབ་ཀྱིས་སྦྱར་བ་ལས་ལྷག་ཅིག་མ་མཐོང་།
སྤྱིར་ན་སངས་རྒྱས་ཀྱི་གསུངས་པ་ཡིན་མིན་གང་ལྟར་ཡང་ནང་དོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་མ་ནོར་བར་སྟོན་པ་ཞིག་ཡིན་ན་ཕན་པ་ལས་ཉེས་པ་དེ་ཙམ་མ་དམིགས། ཡིན་ན་ཡང་། དཔེ་ཆ་འདིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མདོར་བསྡུས་ནས་བསྟན་པ་ཞིག་གཏན་ནས་མ་རེད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་བརྒྱ་ཕྲག་བརྒྱ་པ་ནི་སྟོང་པ་ཉིད་ཀྱི་དོན་རྒྱས་པར་སྟོན་པའི་གསུང་རབ་ཅིག་ཡིན་པའི་ཆ་ནས་དེའི་དོན་བསྡུས་པ་ཉི་ཁྲི་དང་། བརྒྱད་སྟོང་པ་དང་། མདོ་སྡུད་པ། ཤེས་རབ་སྙིང་པོ་སོགས་མང་པོ་ཞིག་ཡོད། དེ་དག་ཚང་མར་རྒྱས་བསྡུས་ཙམ་མ་གཏོགས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྟོང་སྟོང་དང་མེད་མེད་ཅེས་གསུངས་ཡོད། ཡིན་ན་ཡང་འབུམ་ཆུང་ཞེས་པ་དེའི་ནང་དུ་ཚིག་གི་ཆ་ནས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིི་ཆོས་ཐམས་ཅད་ཡོད་དང་ཡོད་ཅེས་བརྗོད་ཡོད་པས་ཏག་ཏག་ལྡོག་ཕྱོགས་སུ་སྦྱར་ཡོད། ཡིག་ཆ་འདི་ལ་སྤྱིར་ན་བརྗོད་བྱ་འདི་ཡིན་ཟེར་བ་ཞིག་གང་ཡང་མེད་པ་དང་། ལྷག་པར་ཡང་དེའི་ནང་དུ་འབུམ་གྱི་བརྗོད་བྱའི་སྙིང་པོ་ཟབ་མོ་སྟོང་པ་ཉིད་སྟོན་པའི་ཚིག་གཅིག་ཀྱང་མེད་པའི་ཆ་ནས་ཡིག་ཆ་འདི་འབུམ་གྱི་དོན་བསྡུས་པ་ཞིག་ཡིན་པར་ཁས་བླངས་ན་འཐད་པར་མི་སེམས་སོ༎



No comments:

Post a Comment

ཁྱེད་ཀྱི་དགོངས་ཚུལ་གླེང་བར་རེ་སྒུག་ཡོད།